དཔལ་ལྡན་ཚོགས་གཞོན་མཆོག་གིས་འབྲས་ནད་སྐོར་གོ་རྟོགས་དང་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་དབུ་འབྱེད་གནང་བ།

 

༄༅། ། ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༤ ཉིན་ནི་འཛམ་གླིང་འབྲས་ནད་ཉིན་མོ་དང་བསྟུན། བོད་ཀྱི་འབྲས་ནད་ཚོགས་པས་རྡ་ས་མེག་གྷན་བཞི་མདོ་རུ་བོད་མིའི་སྤྱི་ཚོགས་ནང་འབྲས་ནད་སྐོར་གོ་རྟོགས་ཆེད་ (I am and I will) ཞེས་པའི་བརྗོད་གཞིའི་ཐོག་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་བའི་ཐོག་དཔལ་ལྡན་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་དབུ་འབྱེད་དང་མཚན་རྟགས་བསྐྱོན་གནང་སོང་།

དེ་ཡང་སྔ་དྲོ་ཆུ་ཚོད་ ༡༠།༡༠ ཙམ་ལ་མཚན་རྟགས་བསྡུ་རུབ་ཀྱི་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་དབུ་འབྱེད་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་ཆེད་བཅར་གྱིས་དར་ཚོན་གཅོད་འབྲེགས་ཀྱི་སྒོ་ནས་ལས་གཞི་དབུ་འབྱེད་དང་། མཚན་རྟགས་བསྐྱོན་རྗེས། བོད་ཀྱི་འབྲས་ནད་ཚོགས་པའི་ངོས་ནས་བོད་མིའི་སྤྱི་ཚོགས་ནང་འབྲས་ནད་སྐོར་གོ་རྟོགས་དང་། ཕོ་བའི་འབྲས་ནད་བརྟག་དཔྱད་ཀྱི་ལས་འགུལ་དེ་འདྲ་སྤེལ་བར་བསྔགས་བརྗོད་ཞུས་གནང་སོང་།

ད་རེས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་དེའི་བརྗོད་གཞི་ནི་ (I am and I will) ཡིན་འདུག་ཅིང་། དེས་མ་འོངས་པར་འབྲས་ནད་གཅིག་ཀྱང་མེད་པའི་སྤྱི་ཚོགས་ཤིག་བསྐྲུན་ཆེད་ཚང་མས་ད་ལྟ་ནས་འབྲས་ནད་ཉུང་དུ་གཏོང་རྒྱུའི་ཐོག་ལག་ལེན་བསྟར་དགོས་པའི་འབོད་སྐུལ་ཞུ་གི་ཡོད་འདུག་པ་དང་། སྤྱིར་རང་རེའི་སྤྱི་ཚོགས་ནང་འབྲས་ནད་རྐྱེན་པས་བོད་མི་མང་དག་ཅིག་གི་ཚེ་སྲོག་འཕྲོག་གི་ཡོད་ཀྱང་། མི་མང་པོ་ཞིག་གིས་དེར་སྣང་མེད་དུ་འཇོག་གི་ཡོད། བོད་མིའི་སྤྱི་ཚོགས་ནང་འབྲས་ནད་སྔོན་འགོག་དང་། བཅོས་ཐབས་བཅས་ཀྱི་ཐོག་གོ་རྟོགས་ལེགས་པོ་མེད་སྟབས། བོད་ཀྱི་འབྲས་ནད་ཚོགས་པས་དུས་རྒྱུན་དུ་སྨན་བཅོས་སྐོར་བསྐྱོད་དང་འབྲས་ནད་སྐོར་གོ་རྟོགས་ཡོང་ཆེད་ལས་གཞི་མང་དག་ཅིག་སྤེལ་གྱི་ཡོད་འདུག་པ་བཅས། །

Menu