༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༥ དང་། ༡༦ བཅས་ཉིན་གཉིས་རིང་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཝ་ཧ་ཊིར་འཕགས་བོད་འབྲེལ་མཐུད་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་ཚོགས་གནང་འདུག
དེ་ཡང་ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་འཕགས་བོད་འབྲེལ་མཐུད་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་ཨིན་དི་རེ་ཤི་ཀུ་མར་ (Shri Indresh Kumar) མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་ (Shri R K Khrimey) མཆོག སྤྱིར་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཡན་ལག་རྒྱ་གར་མངའ་སྡེ་ཉི་ཤུ་རྩ་དགུའི་ནང་ཡོད་ཀྱང་། ད་ལྟའི་ནད་ཡམས་ཀྱི་རྐྱེན་པས་རྒྱ་གར་མངའ་སྡེ་ཁག་བཅོ་བརྒྱད་ནས་མ་གཏོགས་ཕེབས་མི་ཐུབ་པ་དང་། ད་རེས་ཚོགས་ཆེན་ཐོག་མངའ་སྡེ་ཁག་བཅོ་བརྒྱད་ནས་ཚོགས་བཅར་བ་ཁྱོན་བརྒྱ་དང་ལྔ་བཅུ་ཕེབས་གནང་འདུག
མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་གཙོས་པའི་སྐུ་མགྲོན་རྣམ་པས་སྣང་གསལ་མར་མེ་ཞལ་ཕྱེ་དང་། དེ་ནས་གོ་སྒྲིག་ཚོགས་ཆུང་ངོས་ནས་སྐུ་མགྲོན་ཡོངས་ལ་ཨ་སམ་གྱི་རིག་གཞུང་ཐོག་ནས་འཚམས་འདྲི་ཞུས་གནང་འདུག
སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གསུང་བཤད་གནང་དོན། འཕགས་བོད་འབྲེལ་མཐུད་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་འདི་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་རྒྱ་ཁྱབ་འགྲོ་བཞིན་པའི་ཛ་དྲག་གི་དུས་ཚོད་འདི་འདྲ་ཞིག་ལའང་བསྐོང་ཚོགས་གནང་ཐུབ་པ་དང་། རྣམ་པ་ཚོས་སོ་སོའི་སྲོག་ལ་ཉེན་ཁ་མ་འཛེམས་པར་བོད་ཀྱི་གནད་དོན་གལ་ཆེན་པོར་བརྩིས་ནས་འདིར་ཕེབས་པར་ཐོག་མར་ངས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་རང་ལྟ་བུར་ཆ་བཞག་ན། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་གཉིས་ནང་བཅར་རྒྱུའི་གོ་སྐབས་བྱུང་། འཛམ་གླིང་ནང་བོད་པའི་རྩ་དོན་དེ་བོད་དོན་རྒྱབ་སྐྱོར་བའི་ཐོག་ནས་ནུས་པ་ཤུགས་ཆེ་རུ་འདོན་རྒྱུ་ཡོད་པ་ཞིག་ཡིན། འཕགས་བོད་འབྲེལ་མཐུད་ཚོགས་པ་དེ་ཐོག་མར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བྱིན་རླབས་འོག་ཕྱི་ལོ་ ༡༩༩༠ ཟླ་ ༥ ཚེས་ ༥ ཉིན་བཙུགས་པ་ཞིག་ཡིན་ཞིང་། ཚོགས་པ་འདི་དབུ་བརྙེས་པ་ནས་བཟུང་ད་བར་ཆབ་སྲིད་ཀྱི་ལས་འགུལ་སྣ་ཚོགས་སྤེལ་ཡོད། དཔེར་ན། རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་དགོས་པའི་ལས་འགུལ་དང་། རྒྱ་ནག་གཞུང་ཚབ་མདུན་དུ་ལས་འགུལ་སོགས་སྤེལ་གནང་ཡོད་པར་བརྟེན་བོད་དོན་ཐོག་ནུས་པ་ཆེན་པོ་ཐོན་ཡོད། འབྱུང་འགྱུར་ཡང་མུ་མཐུད་ལས་འགུལ་གང་མང་སྤེལ་གནང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
བོད་ནང་ཆ་བཞག་ན། གཞིས་བཞུགས་བོད་མི་རྣམ་པས་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས་རྒྱ་ནག་གཞུང་ལ་རྒྱུན་དུ་ནས་ཁ་གཏད་གཅོག་བཞིན་ཡོད། ད་ལྟའི་བོད་ནང་གི་མི་རབས་གཞོན་པ་ཚོས་རྒྱ་ནག་གི་འགོ་འཁྲིད་མའོ་ཙི་ཏུང་དང་། ཏིང་ཞའོ་ཕིང་མཐོང་མྱོང་མེད་པ་དང་། ཅང་ཙི་མིན་དང་། ཧུ་ཅིང་ཐའོ་ལྟ་བུ་གོ་ཐོས་ཙམ་ལས་བྱུང་མེད་ནའང་། ཞི་ཅིང་ཕིང་གིས་འགོ་འཁྲིད་པའི་རྒྱ་དམར་གཞུང་གི་མདུན་དུ་བོད་དོན་ཆེད་སྐུ་ལུས་མེར་བསྲེགས་ཕུལ་གནང་གི་ཡོད་པ་རེད། གང་ལྟར་རྒྱ་ནག་གཞུང་གིས་བོད་ནང་ག་ཚོད་དམ་དྲག་བྱས་ཀྱང་གཞིས་བཞུགས་བོད་མི་ཚོས་བོད་དོན་བདེན་མཐའ་གསལ་སླད་དང་། ༧གོང་ས་མཆོག་བོད་ལ་གང་མགྱོགས་གདན་འདྲེན་ཞུ་རྒྱུའི་ཆེད་གདོང་ལེན་སྣ་ཚོགས་བྱེད་ཀྱི་ཡོད། དེ་བཞིན་བཙན་བྱོལ་ནང་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་པོ་ཡོད་པ་དང་། དེ་དག་གི་རྒྱབ་སྐྱོར་གནང་བའི་ཐོག་ནས་བོད་པའི་རྩ་དོན་གྱི་ནུས་པ་རྒྱལ་སྤྱིའི་སྟེང་ཤུགས་ཆེ་བ་ཐོན་གྱི་ཡོད་རེད། རྣམ་པ་ཚོའི་ངོས་ནས་ད་བར་བོད་པའི་རྩ་དོན་ཐོག་གང་ཐུབ་རྒྱབ་སྐྱོར་གནང་བ་རེད། མུ་མཐུད་ནས་ཀྱང་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན།
ད་ལྟའི་བོད་ཀྱི་གནས་སྟངས་ཐོག་རྣམ་པ་ཚོས་བཀའ་སྤྱི་གཉིས་ཀྱི་གཞུང་འབྲེལ་དུས་ཆེན་དང་དུས་དྲན་ཁག་གི་གསུང་བཤད་ཁག་ལ་གཟིགས་དགོས་པ་དང་། དཔེར་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཉིན་མོའི་གསུང་བཤད་ལྟ་བུར་གཟིགས་ནས་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གང་ཐུབ་གནང་རོགས་ཞེས་ཞུ་རྒྱུ་ཡིན།
བོད་དོན་བདེན་མཐའ་མ་གསལ་བར་རྒྱ་གར་ས་མཚམས་ལ་ཉེན་ཁ་ཡོད་པ་དང་། ལྷག་པར་དུ་གནས་གངས་དཀར་ཏི་སི་དང་། མཚོ་མ་ཕམ་གཡུ་མཚོ་གཉིས་ལ་རྒྱ་གར་མི་མང་རྣམས་གནས་སྐོར་འགྲོ་རྒྱུའི་རང་དབང་དེ་ཡང་བོད་དོན་བདེན་མཐལ་གསལ་ན་མ་གཏོགས་ཡོང་ཐབས་མེད། བཙན་བྱོལ་ནང་བོད་མི་ཡོངས་རྫོགས་ཀྱིས་བོད་དོན་ཆེད་ཤུགས་རྒྱག་གི་ཡོད་པ་དང་། དེ་རིང་འཕགས་བོད་འབྲེལ་མཐུད་ཚོགས་པ་བརྒྱུད་ནས་བོད་ཀྱི་རྩ་དོན་ཆེད་དུ་སོ་སོའི་དུས་ཚོད་བཏང་ནས་འདིར་ཕེབས་མཁན་ཚོགས་བཅར་བ་ཡོངས་ལ་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་འདུག་པ་དང་། གཞན་ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་གཙོས་པའི་སྐུ་མགྲོན་གཞན་རྣམས་ནས་ཀྱང་གསུང་བཤད་གནང་འདུག
དེ་བཞིན་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཚོགས་འདུ་གོ་སྒྲིག་གནང་མཁན་ཡོངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་མཇལ་དར་དང་། སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་ཞུས་པའི་ཡིག་ཆ་ཁག་སྐུ་མགྲོན་དང་ཚོགས་བཅར་བ་ཡོངས་ལ་ཕུལ་གནང་འདུག
དབུ་འབྱེད་མཛད་སྒོ་གྲུབ་མཚམས། ཚོགས་འདུ་རིམ་པ་གཉིས་པ་ཚོགས་པ་དང་། སྐབས་དེར་གྲོས་ཆོད་ཁག་མི་འདྲ་བ་བདུན་གཏན་འབེབས་གནང་རྒྱུའི་ཆེད་ཚོགས་བཅར་བ་རྣམ་པས་ ༡) ད་ལྟའི་འཛམ་གླིང་གི་གནས་བབ་ཐོག་བོད་ཀྱི་རང་དབང་དང་། ༢) རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་གཤིག་བཏང་དང་གཏོང་བཞིན་པ། ༣) འཕགས་བོད་འབྲེལ་མཐུད་ཚོགས་པ་དེ་ཉིད་ཚགས་ཚུད་སྲ་བརྟན་ཡོང་ཐབས་བཅས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་འདུག་པ་དང་། དེའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཀྱང་དགོངས་ཚུལ་ཕུལ་གནང་འདུག
ཕྱི་ཚེས་ ༡༦ ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཐོག་ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོ་ཚོགས་ཤིང་། ཚོགས་འདུའི་ཐོག་སྐུ་མགྲོན་གཙོ་བོར་རྒྱ་གར་བྱང་ཤར་ཁུལ་གྱི་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ཨུ་ཤར་ཀོ་ལི་མཆོག་ཕེབས་གནང་འདུག་པ་དང་། སྐབས་དེར་སྐུ་ཞབས་ཁོང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་མང་པོ་གསན་མྱོང་ཡོད་པ་དང་། དེ་རིང་ཚོགས་བཅར་བ་ཡོངས་ནས་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གནང་བ་ནང་བཞིན་བོད་དོན་བདེན་མཐའ་མ་གསལ་བར་མུ་མཐུད་རྒྱབ་སྐྱོར་གནང་དགོས་སྐོར་གསུངས་གནང་འདུག
སྐབས་དེར་གྲོས་ཆོད་བདུན་གཏན་འབེབས་གནང་ཡོད་པ་དང་། དེ་ཡང་ཕྱི་ལོ་ ༢༠༢༡ ལོར་བོད་དོན་ཆེད་ཨ་སམ་ནས་འཕགས་བོད་ས་མཚམས་བར་ཞི་བའི་གོམ་བགྲོད་གནང་ཐེངས་བཅུ་པ་ཆགས་ཀྱི་ཡོད་པ་དང་། དེའི་སྐབས་མི་གྲངས་སྟོང་ཕྲག་གཅིག་མཉམ་ཞུགས་གནང་རྒྱུའི་གྲོས་ཆོད་གཅིག་དང་། སྤྱིར་འཛམ་གླིང་དང་། ཡང་སྒོས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་གནང་རྒྱུ་གལ་ཆེན་པོ་ཡིན་སྟབས་ཤིང་སྣ་འདེབས་འཛུགས་ལ་སོགས་དང་འབྲེལ་བའི་གྲོས་ཆོད་གཅིག རྒྱལ་ཞེན་འདོན་རྒྱུའི་ཆེད་དུ་འཕགས་བོད་འབྲེལ་མཐུད་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་ཨིན་དི་རེ་ཤི་ཀུ་མར་མཆོག་གི་འཁྲུངས་སྐར་ཕྱི་ཟླ་ ༢ ཚེས་ ༡༨ ཉིན་ཁྲག་གི་སྦྱིན་པ་གཏང་རྒྱུའི་གྲོས་ཆོད་གཅིག ཚོགས་པའི་ལས་ཁུངས་གསར་འཛུགས་ཆེད་དཔལ་འབྱོར་བསྡུ་རུབ་གནང་རྒྱུའི་གྲོས་ཆོད་གཅིག གནས་གངས་དཀར་ཏི་སི་དང་། མཚོ་མ་ཕམ་ལྟ་བུ་རྒྱ་གར་གྱི་གནས་གལ་ཆེན་པོ་ཡིན་སྟབས། བོད་ཀྱི་རྩ་དོན་དང་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་དང་འབྲེལ་བའི་གྲོས་ཆོད་གཅིག ད་ལྟའི་དུས་ཚོད་འདིར་རྒྱ་ནག་ནི་རྒྱ་གར་གཙོས་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་གདོང་ཐུག་བྱེད་མཁན་ཞིག་ཆགས་ཡོད་དུས་འདིར་གདོང་ལེན་བྱེད་ཕྱོགས་དང་འབྲེལ་བའི་གྲོས་ཆོད་གཅིག བོད་ཀྱི་རྩ་དོན་ཆེད་འབྲི་རྩོམ་མང་པོ་གནང་དགོས་པའི་གྲོས་ཆོད་བཅས་གྲོས་ཆོད་བདུན་གཏན་འབེབས་གནང་འདུག་པ་དང་། དེ་བཞིན་ཚོགས་པའི་རྒྱུན་ལས་འཕོ་འགྱུར་དང་གསར་འདེམས། དཔལ་ལྡན་ཚོགས་གཞོན་མཆོག་དེ་སྔ་ཚོགས་པའི་ཚོགས་གཞོན་དང་། ད་རེས་ཚོགས་པའི་སློབ་སྟོན་པར་བདམས་ཐོན་གནང་བ་དང་། མཐར་གོ་སྒྲིག་ཚོགས་ཆུང་ནས་ཚོགས་ཆེན་ཐོག་ཕེབས་མཁན་སྐུ་མགྲོན་དང་ཚོགས་བཅར་བ་ཡོངས་ལ་ཆེ་བསྟོད་ཕྱག་རྟགས་ཕུལ་གནང་འདུག
ཚོགས་འདུ་གྲུབ་མཚམས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་མཆོག་གི་བུ་ཡིས་གོ་སྒྲིག་འོག ཨ་སམ་ནས་རྟ་དབང་ནང་གི་འཕགས་བོད་ས་མཚམས་བར་བོད་དོན་ཞི་བའི་གོམ་བགྲོད་གནང་རྒྱུ་ཡིན་པ་དང་། དེའི་ནང་མཉམ་ཞུགས་གནང་མཁན་མི་གྲངས་དྲུག་ཅུ་ཡོད་པ་དང་། དེའང་སྡེ་ཚན་གསུམ་ལ་ཕྱེས་ཏེ་མི་གྲངས་ ༢༠ རེ་བྱས་ནས་ཕེབས་རྒྱུ་གནང་འདུག འོན་ཀྱང་ནད་ཡམས་རྐྱེན་པས་སྔར་ལྟར་ས་གནས་སོ་སོའི་ནང་བོད་དོན་དྲིལ་བསྒྲགས་དང་། བགྲོ་གླེང་སོགས་གོ་སྒྲིག་གནང་ཐུབ་མི་འདུག་པ་བཅས། །