དཔལ་ལྡན་ཚོགས་གཞོན་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།


༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༥ དང་། ༡༦ བཅས་ཉིན་གཉིས་རིང་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཝ་ཧ་ཊིར་འཕགས་བོད་འབྲེལ་མཐུད་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་འཚོགས་འཆར་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།

ཚོགས་ཆེན་དེ་ནི་ཕྱི་ལོ་ ༢༠༢༠ ལོའི་འཕགས་བོད་འབྲེལ་མཐུད་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་གཉིས་པ་དེ་ཡིན་ཞིང་། ད་རེས་ཀྱི་ཚོགས་ཆེན་ཐོག་ ༡) ད་ལྟའི་འཛམ་གླིང་གི་གནས་བབ་ཐོག་བོད་ཀྱི་རང་དབང་དང་། ༢) རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་གཤིག་བཏང་དང་གཏོང་བཞིན་པ། ༣) འཕགས་བོད་འབྲེལ་མཐུད་ཚོགས་པ་དེ་ཉིད་ཚགས་ཚུད་སྲ་བརྟན་ཡོང་ཐབས་བཅས་ཀྱི་བརྗོད་གཞིའི་ཐོག་གོ་བསྡུར་གནང་རྒྱུ་ཡིན་འདུག་པ་དང་། སྐབས་དེར་ཨ་སམ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཇག་དྷི་ཤི་མུ་ཁི་ (Shri.Jagdish Mukhi, Governor of Assam ) མཆོག་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་སཱར་བྷ་ནཱན་དཱ་སཱོ་ནུ་ཝལ་ (Shri.Sarbananda Sonowal,Cheif Minister of Assam) མཆོག འཕགས་བོད་འབྲེལ་མཐུད་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་ཨིན་དི་རེ་ཤི་ཀུ་མར་ (Shri Indresh Kumar) མཆོག རྒྱ་གར་བྱང་ཕྱོགས་ཁུལ་གྱི་རྒྱ་གར་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཁང་གི་ཟུང་འབྲེལ་འགན་འཛིན་སྐུ་ཞབས་ཨ་གྷི་ནི་ཧོ་ཊི་རི་ (Dr K. C. Agnihotri) ལགས་སོགས་ཆེད་བཅར་གནང་གཏན་འཁེལ་འདུག

དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་ཕྱི་ཟླ་ ༡༢ ཚེས་ ༡༢ ཉིན་བཞུགས་སྒར་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༤ ཉིན་ལྡི་ལི་ནས་གྷོ་ཝ་ཧ་ཊིར་ཆེད་ཕེབས་གནང་རྒྱུ། ཕྱི་ཚེས་ ༡༥ དང་། ༡༦ བཅས་ཉིན་གཉིས་རིང་ཚོགས་འདུའི་ཐོག་ཆེད་བཅར་གནང་རྒྱུ། ཕྱི་ཚེས་ ༡༧ ཉིན་གྱི་ཕྱི་དྲོ་གྷོོ་ཝ་ཧ་ཊི་ནས་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་དང་། ཕྱི་ཚེས་ ༡༩ ཉིན་ལྡི་ལི་ནས་བཞུགས་སྒར་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་དང་། མངའ་སྡེའི་གཞུང་གི་བཀོད་ཁྱབ་གཞིར་བཟུང་མངའ་སྡེ་སོ་སོའི་ནང་ཏོག་དབྱིབས་གཉན་རིམས་བརྟག་དཔྱད་གནང་བའི་ཐོག་ནས་ཚོགས་ཆེན་ཐོག་མཉམ་ཞུགས་དང་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །