དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་གར་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་བ།

 

༄༅། །རྒྱ་གར་གཞུང་འབྲེལ་མིན་པའི་ཚོགས་པ་ (Sanskrit Bharati )  ཞེས་པའི་དྲུང་ཆེ་སྐུ་ཞབས་པར་ཏབ་སིངྒ་ (Shri.Partap Singh) མཆོག་དང་། རྒྱ་གར་དབུས་གཞུང་གི་ཧི་མ་ཅཱལ་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་གི་ལེགས་སྦྱར་སྐད་ཡིག་ཚན་པའི་སློབ་དཔོན་དང་། སློབ་དཔོན་ལས་རོགས། ཀངྒ་ར་རྫོང་གི་རྒྱ་གར་ཝི་ཤ་ཝ་ཧིན་དུ་པ་རི་ཤཏ་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ཨ་ཇེ་ཤར་མ་ (Ajay Sharma) ལགས་བཅས་ཚོགས་པའི་ལས་དོན་དང་འབྲེལ་བའི་ཐོག་བཞུགས་སྒར་དུ་ཕེབས་པ་དང་བསྟུན། དེ་རིང་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༣༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༠༠ ཐོག་ཁོང་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཁོང་གི་ལས་ཁུངས་སུ་སྣེ་ལེན་མཇལ་འཕྲད་དང་། བོད་དོན་སྐོར་ཆུ་ཚོད་གཅིག་དང་ཕྱེད་ཙམ་རིང་བཀའ་བསྡུར་གནང་སོང་།

མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཁོང་རྣམས་ལ་འཚམས་འདྲི་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲོམ་གཞི་དང་། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། མང་གཙོའི་ཀ་བ་གསུམ་གྱི་སྐོར་སོགས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་བཞིན་ཚོགས་ཆེན་རིམ་པ་དང་། འཛམ་གླིང་ནང་ད་བར་བོད་དོན་ཐོག་གྲོས་ཆོད་བརྒྱ་ལྷག་བཞག་ཡོད་པའི་སྐོར། བོད་ནང་རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་མུ་མཐུད་གདུག་སྦྱོང་མནར་གཅོད་ཚད་མེད་གཏོང་བཞིན་ཡོད་སྟབས། ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་ ༡༥༤ ཡིས་རང་ལུས་མེར་བསྲེགས་ཕུལ་བའི་སྐོར། བོད་ནང་བཙན་དབང་ཐོག་བོད་རིགས་རྣམས་ངལ་རྩོལ་བསྒྱུར་བཀོད་བྱེད་བཅུག་གི་ཡོད་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་སྙིང་བསྡུས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་ཞུས་པའི་ཆབ་སྲིད་དང་འབྲེལ་བའི་དཔེ་དེབ་དང་ཡིག་ཆ་ཁག་རེ་རེ་བཞིན་འགྲེལ་བརྗོད་དང་སྦྲགས། ཁོང་རྣམས་ལ་ཕུལ་གནང་རྗེས།  དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་གང་ཐུབ་གནང་སྐྱོང་ཡོང་བ་དང་། ལྷག་པར་དུ་ཁོང་རྣམ་པའི་ལས་དོན་གྱི་ངོ་བོ་དང་མཚུངས་པའི་ཐོག་བཙན་བྱོལ་ནང་ཡོད་པའི་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་ཀྱི་བསྟི་གནས་ཁང་ཁག་ལ་འབྲེལ་བ་གནང་དགོས་པའི་འབོད་སྐུལ་བཅས་ཞུས་གནང་བར། ཁོང་རྣམས་ནས་ཀྱང་དེ་དེ་བཞིན་གྱིས་མ་འོངས་པར་བོད་ཀྱི་གནད་དོན་ཐོག་བགྲོ་གླེང་སོགས་གོ་སྒྲིག་ཞུ་རྒྱུ་དང་། ལྷག་པར་དུ་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སྲུང་སྐྱོབ་སླད་གང་ཐུབ་མཐུན་འགྱུར་རོགས་རམ་གནང་རྒྱུའི་ཞལ་བཞེས་གནང་རྗེས། གྲོས་ཚོགས་ནང་གཟིགས་སྐོར་དང་། དེ་ནས་བོད་ཀྱི་དཔེ་མཛོད་ཁང་ལ་གཟིགས་སྐོར་ཕེབས་གནང་ཡོད་པ་བཅས། །

 

 

Menu