དཔལ་ལྡན་ཚོགས་གཞོན་མཆོག་བོད་ཀྱི་འགྲེམས་སྟོན་ཁང་གིས་ཉིན་གཉིས་རིང་སྲུང་བརྩི་ཞུས་པའི་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༠ པའི་མཇུག་བསྡོམས་མཛད་སྒོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས ༡༨ ཉིན་འཛམ་གླིང་ཁྱོན་ཡོངས་ནང་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༠ སྲུང་བརྩི་ཞུ་བཞིན་པ་ལྟར། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་གོ་སྒྲིག་འོག་ཚེས་ ༡༨ ནས་ ༡༩ བར་ཉིན་གྲངས་གཉིས་རིང་བཞུགས་སྒར་རྡ་ས་མེག་གྷན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་བོད་ཀྱི་འགྲེམས་སྟོན་ཁང་དུ་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་བརྩི་ཞུས་གནང་ཡོད།

དེ་ཡང་ཕྱི་ཚེས་ ༡༩ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣ པའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་མཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གཞུང་འབྲེལ་གདན་ཞུས་ལྟར་ཆེད་ཕེབས་གནང་བ་དང་། གཞན་ས་གནས་བུད་མེད་ཚོགས་པའི་སྐུ་ཚབ། ཡུལ་སྐོར་བ་དང་ས་གནས་མི་མང་ཁྱོན་ ༧༠ ལྷག་ཙམ་མཉམ་འཛོམས་ཀྱིས་ཐོག་མར། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་རྣམས་ནས་བོད་ཀྱི་རིག་གཞུང་འཁྲབ་སྟོན་གནང་བ་དང་། དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་དོན།

རྒྱལ་སྤྱིའི་འགྲེམས་སྟོན་ཁང་གི་ཉིན་མོ་སྲུང་བརྩི་ཞུས་ནས་ལོ་ངོ་ ༤༠ འཁོར་བ་མ་གཏོགས་རྒྱལ་སྤྱིའི་འགྲེམས་སྟོན་གྱི་ལོ་རྒྱུས་དང་རྒྱབ་ལྗོངས་ལ་བལྟས་ན་རིང་པོ་ཞེ་དྲག་རེད། རྣམ་པ་ཚོ་འགྲེམས་སྟོན་ཐོག་ཕྱག་ལས་གནང་མཁན་ཡིན་ཙང་དེའི་རྒྱབ་ལྗོངས་མཁྱེན་དགོས་ཀྱི་རེད་བསམ་གྱིན་འདུག Museum ཟེར་བའི་ཐ་སྙད་གང་འདྲ་བྱུང་བ། Museum ཟེར་བ་དེ་གལ་ཆེན་པོ་གང་འདྲ་རེད། དེ་བཞིན་ཕྱག་ལས་གནང་མཁན་ཚོས་དེང་སང་བསླབ་པ་ཐོས་བསམ་གནང་རྒྱུའི་རྒྱབ་ལྗོངས་མང་པོ་ཞེ་དྲག་ཡོད་རེད་ངས་བསམ་གྱིན་འདུག རྣམ་པ་ཚོས་དེ་རིང་ང་མཇུག་བསྡོམས་སྐད་ཆ་བཤད་པར་ཡོང་རོགས་གསུང་པ་ཡིན་ཙང་ངས་སྟོང་མིན་ཙམ་གྱི་ཚིག་ཁ་ཤས་ཞུས་ན་བསམ་བྱུང་། འགྲེམས་སྟོན་དང་། འགྲེམས་སྟོན་ཁང་གཉིས་དབྱེ་བ་ཕྱེ་དགོས་ཀྱི་རེད། Museum and Exhibition རྦད་དེ་ཁག་ཁག་རེད། Museum ཟེར་བ་དེ་ཐོག་མར་ལོ་རྒྱུས་རྒྱབ་ལྗོངས་རྩིས་པ་ཡིན་ན། ད་ལྟའི་ལོ་རྒྱུས་ཚང་མ་ཡོང་སའམ་ཁུངས་གཏུགས་ས་ Greek ནས་ཡོང་བ་རེད། Museum ཟེར་པའི་ཐ་སྙད་དེ་ Greek ཀྱི་ཐ་སྙད་ Mouseion ནས་བྱུང་བ་དང་། ཐོག་མར་ Church དང་ Temple སོགས་ཀྱི་ཆོས་ཀྱི་བསྟི་གནས་ནང་ལ་འདྲ་སྐུ་སོགས་བཞག་ནས་བྱིན་རླབས་ཞུ་ས་ལྟ་བུ་ནས་རིམ་བཞིན་ Museum ཟེར་བའི་ཐ་སྙད་དང་ Museum བྱུང་བ་རེད་མ་གཏོགས་དང་པོ་ནས་མིང་ལ་ Museum ཡོང་བཞག་པ་ཞིག་རྩ་བ་ནས་མ་རེད།

དེ་ནས་རིམ་པས་འགྲེམས་སྟོན་ཁང་གི་རྣམ་པར་འགྱུར་བ་དེའང་ཡི་ཤུ་མ་བྱུང་བའི་སྔོན་ལོ་ ༥༣༠ ཙམ་ནས་འགོ་བཙུགས་པ་ཞིག་རེད། Museum དང་པོ་ Mesopotamian ཡི་དྲན་རྟེན་ཆེད་དུ་འགྲེམས་སྟོན་ཁང་ཞིག་འགོ་འཛུགས་གནང་ཡོད་པ་དང་། དེ་ནས་བཟུང་འགྲེམས་སྟོན་ཁང་ཟེར་བ་དེ་འགོ་བཙུགས་ཡོད།  ལྷག་པར་དུ་ད་ལྟ་ Museum  ཟེར་བའི་ཐ་སྙད་རྣམ་པ་མི་འདྲ་བ་གསུམ་ཆགས་ཀྱི་འདུག ད་ལྟ་བོད་ཀྱི་འགྲེམས་སྟོན་ཁང་དང་རྒྱལ་སྤྱིའི་གྲེམས་སྟོན་ཁང་གཉིས་རྣམ་པ་དང་ངོ་བོ་ཁག་ཁག་རེད། རྒྱལ་སྤྱིའི་འགྲེམས་སྟོན་ཁང་ International  Museum དེ་རྣམ་པ་མི་འདྲ་བ་གསུམ་ཙམ་ཡོང་གི་ཡོད་པ་རེད། དེ་ Art Museum, Living Political Museum, Science Museum མི་འདྲ་བ་གསུམ་ཆགས་ཡོད། དང་པོ་འགྲེམས་སྟོན་ཁང་ཟེར་བ་དེ་ཐོག་མར་་མི་སྒེར་དང་། ཕྱུག་པོ་འབྱོར་ལྡན་ཚོས་སྐུ་ཆས་བསགས་པ་དེ་རུབ་རུབ་བྱས་ནས་འགྲེམས་སྟོན་བྱེད་ཆེད་བཙུགས་པ་ཞིག་ཡིན་པ་དང་། ཕྱིས་སུ་རིམ་པས་སྤྱི་ཚོགས་ཀྱི་འགྲེམས་སྟོན། རྒྱལ་ཁབ་ཀྱི་འགྲེམས་སྟོན། རྒྱལ་སྤྱིའི་འགྲེམས་སྟོན། གྲོང་གསེབ་ཀྱི་འགྲེམས་སྟོན། གྲོང་ཁྱེར་གྱི་འགྲེམས་སྟོན་སོགས་འཕེལ་རྒྱས་སུ་ཕྱིན་ཡོད་པ་རེད། ད་ལྟ་འཛམ་གླིང་རྒྱལ་ཁབ་ཁག་ ༢༠༢ ཀྱི་ནང་རྒྱལ་སྤྱིའི་འགྲེམས་སྟོན་ཁང་ ༥༥༠༠ ལྷག་ཙམ་ཡོད་པ་དང་། དེའི་ནང་ང་ཚོའི་འགྲེམས་སྟོན་ཁང་ཡང་ཚུད་ཀྱི་ཡོད་པ་རེད། འོན་ཀྱང་ང་ཚོའི་འགྲེམས་སྟོན་ཁང་གི་ངོ་བོ་དང་། རྒྱལ་སྤྱིའི་འགྲེམས་སྟོན་ཁང་གི་ངོ་བོ་གཉིས་རྣམ་པ་ཁག་ཁག་རེད།  རྒྱལ་སྤྱིའི་འགྲེམས་སྟོན་ཁང་གི་ནང་འདས་པའི་མི་སྣ་གྲགས་ཅན་ཁག་གི་ལོ་རྒྱུས། དཔེར་ན་མི་སྒེར་གྱི་ལོ་རྒྱུས་ཆ་བཞག་ན་མེས་པོ་དམ་པ་གྷན་རྡི་ཇི་ཡི་འགྲེམས་སྟོན་ཁང་ལྟ་བུ་རེད། དེའི་ནང་ཁོང་གི་ལོ་རྒྱུས་ཆ་ཚང་ཡོད་པ། དེ་བཞིན་རྒྱལ་སྤྱིའི་ནང་འགྲེམས་སྟོན་ཁང་སྣ་ཚོགས་ཆགས་བསྡད་ཡོད་པ་རེད།

ང་ཚོའི་འགྲེམས་སྟོན་ཁང་དེ་མི་འདྲ་བ་ཞིག་རེད་ཅེས་ཞུ་དོན་ནི་དེའི་ནང་འདས་པའི་བོད་ཀྱི་ལོ་རྒྱུས། ད་ལྟའི་འ་ཆད་འུ་ཐུག་གི་གནས་སྟངས་འོག་བོད་ནང་རྒྱ་མིས་སྡུག་སྦྱོང་མནར་གཅོད་གང་འདྲ་བཏང་དང་གཏོང་བཞིན་པ་སོགས་འགྲེམས་སྟོན་ཞུ་རྒྱུ་ཡོད། རྣམ་པ་ཚོས་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་བརྩི་ཞུས་པ་ཙམ་མ་ཡིན་པར་དེའི་རྒྱབ་ལྗོངས་དང་གལ་ཆེ་ཆུང་དང་གནད་འགག་སོགས་ཤེས་པའི་ཐོག་ནས་སྲུང་བརྩི་ཞུ་རྒྱུ་གལ་ཆེན་པོ་ཡིན།

དེང་སང་རྒྱལ་སྤྱིའི་འགྲེམས་སྟོན་ཁང་གི་ངོ་བོའམ་སྐད་ཡིག་ཅིག་རེད་ཟེར་བཞིན་ཡོད། འགྲེམས་སྟོན་ཁང་ནང་ཡི་གེ་མ་བྲིས་ནའང་པར་རིས་དེ་ཚོས་ཁ་གྲག་ཐུབ་ཀྱི་རེད། འགྲེམས་སྟོན་ཁང་གིས་སློབ་སྦྱོང་ཡོད་མེད་ལ་མ་ལྟོས་པར་ཚང་མས་ལོངས་སྤྱོད་དང་གོ་རྟོགས་ཐུབ་ཀྱི་རེད། དཔེ་མཛོད་ཁང་དེ་ཤེས་ཡོན་ཅན་གཅིག་པུར་རེད། འགྲེམས་སྟོན་ཁང་དང་དཔེ་མཛོད་ཁང་གཉིས་(Parallel)དོ་མཉམ་རེད།

དེང་སང་འགྲེམས་སྟོན་ཁང་སྐད་གྲགས་ཆེ་ཤོས་དེ་ཚོ་ Paris,London,Newyork,Washington,Beijing སོགས་ནང་ཡོད། རྒྱ་གར་ནང་ལ་ཆ་བཞག་པ་ཡིན་ན་ Kolkata Museum དེ་ཆེ་ཤོས་རེད། དེའི་ནང་ས་ཡ་གཅིག་དང་ཉིས་འབུམ་ལྷག་ཙམ་ཞིག་གི་དངོས་ཆས་མཁོ་སྒྲུབ་ཡོད་གསུང་གི་ཡོད་པ་རེད། བྱས་ཙང་རྒྱལ་སྤྱིའི་འགྲེམས་སྟོན་ཁང་དང་ང་ཚོའི་འགྲེམས་སྟོན་ཁང་གི་ངོ་བོ་མི་འདྲ་བ་ཆགས་ཀྱི་ཡོད་པ་རེད། ང་ཚོའི་བོད་ཀྱི་འགྲེམས་སྟོན་ཁང་གི་ངོ་བོ་དང་རང་བཞིན་ནི་བོད་ཀྱི་འདས་ད་ལྟ་མ་འོངས་བཅས་ཀྱི་གནས་ཚུལ་ཁག་ངོ་སྤྲོད་ཁྱབ་སྤེལ་བྱེད་རྒྱུ་ཡིན་པ་རེད།

དེ་རིང་བྱིས་པ་ཚོས་འཁྲབ་སྟོན་བྱས་པའི་གཞས་དེ་འགྲེམས་སྟོན་མ་རེད། དེ་ཚོ་ང་ཚོའི་ཐུན་མོང་མ་ཡིན་པའི་རིག་གཞུང་ཞིག་ཆགས་ཀྱི་ཡོད་པ་རེད། ང་ཚོའི་ཆས་གོས་དེ་འགྲེམས་སྟོན་ཁང་ནང་གཅིག་པུར་ལྷག་པ་ཡིན་ན་བློ་ཕམ་དགོས་པ་ཞིག་རེད། བོད་ཀྱི་འགྲེམས་སྟོན་ཁང་དེར་ཆ་བཞག་པ་ཡིན་ན་ཕྱི་ལོ་ ༢༠༠༠ ལོར་རྒྱ་གར་མངའ་སྡེའི་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ལ་ཞབས་སོར་འཁོད་ནས་ལོ་ངོ་ ༤༠ འཁོར་བའི་དགའ་སྟོན་འཚམས་འདྲི་ཞུས་པའི་ཉིན་མོ་དང་བསྟུན་ Isreal གྱི་གྲོགས་པོ་ཞིག་གིས་མཐུན་འགྱུར་སྦྱར་ནས་བོད་ཀྱི་འགྲེམས་སྟོན་ཁང་དབུ་འབྱེད་གནང་ནས་ད་བར་ལོ་ངོ་ ༡༧ འཁོར་གྱི་ཡོད་ཙང་ལོ་རྒྱུས་གང་ཙམ་ཡོད་པ་ཞིག་རེད། བཙན་བྱོལ་ནང་ཡོད་པའི་བོད་ཀྱི་འགྲེམས་སྟོན་ཁང་དང་ལྷ་སར་ཡོད་པའི་འགྲེམས་སྟོན་ཁང་གཉིས་ངོ་བོ་ཁག་ཁག་རེད། ང་ཚོ་ལས་ཀ་གང་འདྲ་ཞིག་གནང་གི་ཡོད་རུང་ལས་དོན་དེ་དང་དེའི་རྒྱབ་ལྗོངས་དང་། རྣམ་པ། ངོ་བོ་སོགས་འགྲེལ་བརྗོད་བྱེད་ཐུབ་པ་དགོས་གལ་ཆེན་པོ་རེད། མཐའ་དོན་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་མི་ཡོངས་རྫོགས་ཀྱི་ཚབ་ཞུས་ནས་བོད་ཀྱི་རྩ་དོན་ཐོག་ལ་སྐུ་ངལ་བསྐྱོན་གནང་མཁན་འབྲེལ་ཡོད་འགན་འཛིན་དང་ལས་བྱེད། དེ་བཞིན་སློབ་ཕྲུག་ཚོར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། །

 

 

Menu