
༄༅། །འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས་དེ་རིང་འདི་གའི་གྲོས་ཚོགས་ར་བའི་ནང་ལ་དཔལ་ལྡན་སྲིད་སྐྱོང་མཆོག དེ་ག་ནང་བཞིན་ཚོགས་གཙོ་གཞོན་པ་མཆོག་དབུས་པའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཚང་མར་སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ནང་ལ་དེ་རིང་བཞུགས་ཐེངས་དང་པོ་དེ་ཡིན་དུས། ཚང་མ་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ང་རང་ཚོ་འདིར་མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་འོས་འདེམས་བྱུང་ནས་ཚང་མར་གྲོས་ལ་དབང་བཀུར་བ་ཡོངས་རྫོགས་འོས་བསྡུའི་རྒྱལ་ཁ་ཙམ་མ་ཡིན་པར། འོས་བསྡུའི་རྒྱལ་ཁ་དང་མཉམ་དུ་ང་རང་ཚོའི་ཕྲག་པའི་སྒང་ལ་ལས་འགན་ལྗིད་པོ་ཞིག་བཀུར་བསྡད་པ་ཆགས་ཀྱི་ཡོད་པ་རེད། འདི་ང་རང་ཚོ་ཚང་མས་འདིའི་ནང་ལ་ཡོང་བའི་སྐབས་སུ་དྲན་གསོ་ཞུ་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད། གཙོ་བོ་འཛམ་བུ་གླིང་ནང་ལ་མང་གཙོ་ཧ་ཅང་མང་པོ་ཡོད་པའི་ནང་ནས་ང་ཚོའི་མང་གཙོ་དེ་དམིགས་བསལ་བའི་མང་གཙོ་ཞིག་ཆགས་བསྡད་ཡོད་པ་རེད། རྩ་བའི་མང་གཙོའི་ལུང་པ་ཡོངས་རྫོགས་ལ་སོ་སོའི་རྒྱལ་ཁབ་ཡོད་པ། སོ་སོའི་མངའ་དབང་ཡོད་པ། དེ་བཞིན་མི་མང་དེ་དག་ཚང་མ་སོ་སོའི་རྒྱལ་ཁབ་ནང་དུ་མཉམ་རུབ་ཀྱིས་གནས་པ་དེ་འདྲའི་ཁྱད་ཆོས་ཡོད་བསྡད་པ་ཞིག་རེེད་དེ། ང་ཚོ་རང་གི་རྒྱལ་ཁབ་དང་བྲལ་ནས་མིའི་ལུང་པར་སླེབས། སླེབས་པ་ཙམ་དུ་མ་ཟད་པའི་གཞན་དབང་སྟབས་བསྟུན་གྱི་ཐོག་ནས་རྒྱལ་ཁབ་སུམ་ཅུ་སོ་གྲངས་ནང་ལ་ཁ་ཐོར་དགུ་ཐོར་ལ་གནས་ཡོད་ནའང་། ང་ཚོ་མཐུན་མོང་གིས་བྱེད་དགོས་པའི་ལས་དོན་དེ་བོད་རང་དབང་སླར་གསོ་དང་། རང་དབང་སླར་གསོ་མ་ཐུབ་བར་དུ་བོད་མི་རིགས་འདི་རྒྱུན་གནས་ཐུབ་ཐབས་ཀྱི་ལས་དོན་ཡོངས་རྫོགས་ང་ཚོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་གསུམ་གསལ་གཟིགས་ཀྱིས་མང་གཙོ་གསོལ་རས་གནང་བ་བཞིན་ང་རང་ཚོའི་གནའ་སྔ་མོའི་སྐུ་བགྲེས་པ་ཚོས་སྐུ་ལས་བསྐྱོན་པ་དེའི་སྒང་ལ་དེའི་ཞབས་རྗེས་སུ་སྙེག་བྱས། སྐབས་རེ་ང་རང་ཚོར་དགེ་སྐྱོན་ཡོང་གི་རེད། མཐུན་པ་ཡོང་གི་རེད་ལ། མ་མཐུན་པ་ཡང་ཡོང་གི་རེད། ཡིན་ནའང་ནམ་ཞག་རྒྱུན་དུ་ང་ཚོས་བགྲོ་གླེང་ལ་ཆ་ཤས་ལེན་པའི་སྐབས་སུ་ཚང་མས་གཅིག་གིས་གཅིག་ལ་གུས་བརྩི་ཡོད་པའི་ཐོག་ནས། ང་ཚོས་བཀུར་འོས་སྤྱི་འཐུས་མཆོག་གསུངས་དུས། གཅིག་གིས་གཅིག་ལ་ཟུར་ཟ་མེད་པར་གཅིག་གིས་གཅིག་ལ་གུས་བརྩི་ཡོད་པའི་ཐོག་ནས་ནང་ཁུལ་གོ་བསྡུར་སྦྱང་བཤད་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཞིག་ཆགས་ཀྱི་མེད་འགྲོ་བསམ་གྱི་འདུག

རྩ་བའི་མང་གཙོའི་རྒྱལ་ཁབ་གང་འདྲ་ཞིག་ཡིན་ནའང་། མང་གཙོ་ཚད་དང་ལྡན་པ་ཞིག་ཆགས་མ་ཆགས་ཟེར་བ་དེ་མི་མང་གིས་ཆེད་དུ་བཙུགས་པའི་གཞུང་དང་སྒྲིག་འཛུགས་དེ་ཡིས་མི་མང་གི་མངོན་འདོད་དང་འཚམ་པའི་ལས་དོན་ཞིག་བྱེད་ཀྱི་འདུག་དང་། མི་འདུག་དེ་མཚམས་ཟིན་ས་གཅིག་ལ་མཁས་པ་ཚོས་རྩིས་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་ང་ཚོས་འདི་ལ་མི་མང་གིས་བདམས་པའི་སྐུ་ཚབ་ཚོས་མི་མང་གི་མངོན་འདོད་གཞི་མར་བཞག་པའི་ཐོག་ནས་དེའི་ནང་ལ་མང་ཚོགས་ཀྱི་མངོན་འདོད་དང་མཐུན་པའི་ལས་དོན་བྱེད་དགོས་པ་དེ་ང་ཚོའི་ལས་ཀ་གཅིག་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་དེའི་སྐབས་དེར་ང་ཚོའི་འཛིན་སྐྱོང་ཡིན་ནའང་རེད། གྲོས་ཚོགས་ཡིན་ནའང་རེད། ང་ཚོའི་རྩ་བའི་ལས་ཀ་དེ་བོད་དོན་བདེན་མཐའ་གསལ་ཐབས་འདི་རེད། བདེན་མཐའ་གསལ་ཐབས་དེ་ཡང་བོད་རང་བཙན་ཡིན་པའི་ཁུངས་སྐྱེལ་གཞི་མར་བཞག་པའི་ཐོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མར་འདོན་གནང་མཛད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐོག་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་དེའི་ཐོག་ནས། ང་ཚོས་རྒྱལ་སྤྱིའི་ཁྱོན་ཡོངས་ལ་བོད་ལ་རྒྱབ་སྐྱོར་རག་ཐབས་དང་། བོད་ཀྱི་བདེན་མཐའ་གསལ་ཐབས་ཀྱི་ཐོག་ལ་ང་རང་ཚོས་ནུས་པ་མཉམ་སྤུང་བྱེད་དགོས་པ་དེ་གལ་ཆེན་པོ་ཞེ་པོ་ཞིག་ཆགས་བསྡད་ཀྱི་ཡོད་པ་རེད་བསམ་གྱི་འདུག རྩ་བའི་སོ་སོ་ལ་ལྟ་གྲུབ་དང་ལངས་ཕྱོགས་ཡོད་སྲིད་ཀྱི་རེད། ཡིན་ནའང་འཐབ་རྩོད་བྱེད་མཁན་གྱི་མི་མང་ཚོའི་ནང་ལ་རང་གི་ལྟ་གྲུབ་དང་། རང་གི་ལངས་ཕྱོགས་དེ་གཞི་རྩར་མ་བཟུང་བའི་ཐོག་ནས། སྤྱི་པའི་ཐོག་ལ་ནུས་པ་སྤུང་དགོས་པ་དེ་གལ་ཆེན་དོན་ཆེན་ཞིག་ཆགས་ཀྱི་མེད་འགྲོ་བསམ་པ་ངའི་རྨོངས་འཆར་རེད། དེ་འདྲའི་ཐོག་ནས་ང་ཚོ་གྲོས་ཚོགས་ཀྱི་ནང་ལ་ཉི་མ་བཅུ། མཚམས་རེ་ཉི་མ་བཅུ་གསུམ་རེད། དེའི་རིང་ལ་ལས་རིམ་སྣ་མང་གི་ཐོག་ལ་གོ་བསྡུར་སྦྱང་བཤད་ཡོང་གི་རེད། དེ་ང་ཚོའི་ལས་དོན་གཅིག་ཆགས་བསྡད་ཀྱི་ཡོད་པ་རེད། ཁྲིམས་སྒྲིག་དང་སྲིད་བྱུས་བཟོ་རྒྱུ། འཛིན་སྐྱོང་ལ་ལྟ་རྟོག་དང་སྟངས་འཛིན་བྱ་རྒྱུའི་ལས་དོན་གཅིག་རེད་དེ། དེ་ལས་གཞན་པ་ང་ཚོའི་གྲོས་ཚོགས་འཐུས་མི་ཚོ་ཆ་བགོས་ཀྱི་ཐོག་ནས་རྒྱལ་སྤྱིའི་རང་དབང་ཡོད་པའི་མང་གཙོའི་རྒྱལ་ཁབ་ནང་ལ་བོད་དོན་ཞུ་གཏུག་ལ་ཕེབས་དགོས་ཀྱི་ཡོད་པ་རེད། དེ་ག་ནང་བཞིན་ང་རང་ཚོའི་གཞིས་ཆགས་ཁག་དང་། བོད་མི་ཁ་ཐོར་ལ་ཡོད་པ་ཚོའི་བཞུགས་ཁག་ཚང་མའི་ནང་ལ་སོ་སོ་བདམས་མཁན་གྱི་མི་མང་མཉམ་དུ་མར་ཕྱིན་ནས། ཁོང་ཚོའི་རེ་བ་དང་དགོས་འདུན། ཁོང་ཚོས་ང་ཚོ་ལ་རེ་འདོད་ག་རེ་བཅོལ་གྱི་འདུག མར་ཕེབས་ནས་ང་ཚོས་དེ་ལ་དཔག་པའི་གནད་དོན་དེ་དག་གྲོས་ཚོགས་ཀྱི་སྡིངས་ཆའི་ཐོག་ལ་སྤུང་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་དེ་བཞིན་གྱིས་གྲོས་ཚོགས་ཀྱི་ལས་རིམ་ནང་ལ་ང་ཚོས་བཀའ་མོལ་མང་པོ་ཞིག་གནང་གི་ཡོད་པ་རེད་དེ། ཡིན་ནའང་བཀའ་མོལ་དེ་དག་མཐའ་མ་ལས་དོན་བྱེད་པའི་སྐབས་ལ། ལས་དོན་གྱི་ནང་ལ་མཉམ་ཞུགས་ཀྱང་དེ་བཞིན་ཚ་ཚ་འུར་འུར་གྱིས་ཞུགས་ཐུབ་རྒྱུ་དེ་ལས་འགན་གཙོ་བོ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་ཡིན་དུས་ང་ཚོ་ཚོགས་གཙོ་གཉིས་ཀྱི་ཐོག་ནས་འདི་ནས་མར་ལས་འཆར་བསྒྲིག་ཡོང་གི་རེད། དང་ཐོག་དེར་སྤྱི་འཐུས་ཚོ་ས་ཆ་བགོས་ཀྱིས་འཚམས་གཟིགས་ལ་ཕེབས་དགོས་ཀྱི་ཡོད་པ་རེད། འཚམས་གཟིགས་ལ་ཕེབས་པའི་རྗེས་སུ་ང་ཚོས་དཔལ་འབྱོར་ཡོང་འབབ་ལ་གཞིག་པའི་ལས་འཆར་གང་འདྲ་ཞིག་སྤེལ་དགོས་ཀྱི་ཡོད་མེད་སྤེལ་ཡོང་གི་རེད། དེ་དེ་བཞིན་གྲོས་ཚོགས་ཀྱི་ཐོག་ནས་ཚོགས་ཆུང་ཁག་མང་པོ་ཞིག་བསྐོ་དགོས་ཀྱི་ཡོད་པ་རེད། དཔེར་ན། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་དང་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་དེ་དག་ག་དུས་ཡིན་ནའི་ཡོད་ཡོད་པ་རེད། དེ་མ་ཡིན་པའི་གྲོས་ཚོགས་ཀྱི་ཚོགས་ཆུང་བསྐོ་དགོས་པ་དེ་དག་གི་ནང་ལ་ཚང་མས་དང་དང་དོད་དོད་ཀྱིས་བཞུགས་པའི་ཐོག་ལ་ཚོགས་གཙོ་གཉིས་ཀྱིས་རེ་བ་ཞུ་ཡི་ཡོད།

དེ་ག་ནང་བཞིན་གཞིས་ཆགས་ཁག་རེད། བོད་མི་འདུ་སྡོད་ས་བགོས་ཁག་ལ་ཕེབས་པའི་སྐབས་དེར། ཁ་སེང་དཔལ་ལྡན་སྲིད་སྐྱོང་གི་ཐོག་ནས་དམ་བཅའ་ཕུལ་བའི་སྐབས་དེ་ལ་ང་རང་ཚོའི་བཙན་བྱོལ་ནང་དུ་ཡོད་པའི་ཉམ་ཐག་དང་འཁོས་ཁ་ཞན་པ་དེ་དག་ལ་ལྟ་རྟོག་གནང་རྒྱུ་དེ་གལ་ཆེན་པོ་ཞིག་བརྩི་ཡི་ཡིན་ཞེས་གསུངས་པ་ནང་བཞིན། འཛིན་སྐྱོང་བཀའ་ཤག་གི་ཐོག་ནས་ལས་འཆར་གང་འདྲ་ཞིག་གོ་སྒྲིག་གནང་གི་ཡོད་པ་ཡིན་ནའང་། ང་རང་ཚོའི་གྲོས་ཚོགས་འཐུས་མིའི་ཐོག་ནས་དེ་དག་དབུས་དང་ས་གནས་ཀྱི་ཁྲིམས་དང་འགལ་གྱི་འདུག་མི་འདུག་བལྟ་རྒྱུ། དེ་ག་ནང་བཞིན་ལས་འཆར་གང་འདྲ་ཞིག་སྤེལ་བ་ཡིན་ནའང་དེ་དག་གཞི་རིམ་མང་ཚོགས་འཁོས་ཁ་ཞན་པ་དང་། ཉམ་ཐག་པ། ཞུ་མ་ཐུབ་མཁན། ཤེས་མ་ཐུབ་མཁན་དེ་དག་གི་ཐོག་ལ་འབབ་ཀྱི་འདུག་མི་འདུག། དེ་དག་བལྟ་དགོས་པ་དེ་ང་ཚོའི་གྲོས་ཚོགས་ཀྱི་ལས་འགན་ཞིག་ཆགས་ཀྱི་མེད་འགྲོ་ཞེས་བསམ་ཚུལ་འདི་གཅིག་ཞུ་རྒྱུའི་འདོད་པ་བྱུང་སོང་། དེ་ཡིན་དུས་དེ་རིང་གི་ལས་འཆར་ལ་མཚོན་པ་ཡིན་ན་ད་གིན་ཞུས་པ་ནང་བཞིན་རེད། རང་གི་ལུང་པ་བྲལ་ནས་འདིར་སྤྱིར་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་ང་ཚོས་མང་གཙོའི་ལམ་ལུགས་ཀྱི་ཐོག་ལ་ཤར་སྐྱོད་བྱེད་ཀྱི་ཡོད་རེད། ཤར་སྐྱོད་བྱེད་ཀྱི་ཡོད་པའི་ཐོག་ནས་ང་ཚོའི་ལས་འགན་འགྲུབ་རྒྱུ་དེ་གཞིས་ལུས་རྒྱ་ཆེའི་མང་ཚོགས་ཀྱི་མངོན་འདོད་དེ་མངོན་པར་གསལ་དགོས་ཀྱི་ཡོད་དུས། ང་ཚོའི་གྲོས་ཚོགས་ག་དུས་ཚོགས་པ་ཡིན་ནའང་བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་ཨང་དང་པོ་འཁྱེར་ནས་ཚང་མས་དེའི་ཐོག་ལ་སོ་སོའི་ཚོར་བ། སོ་སོའི་བསམ་ཚུལ། སོ་སོས་དེའི་ཐོག་ལ་བྱེད་སྒོ་རྣམ་གཞག་དེ་དག་གསུང་རྒྱུའི་དུས་ཚོད་ཅིག་དེ་རིང་གི་ལས་རིམ་འདིའི་ནང་ལ་འཁྱེར་ཡོད་པ་རེད།
གཉིས་པ་དེ་ལ་འཛིན་སྐྱོང་བཀའ་ཤག་ལ་དཔལ་ལྡན་སྲིད་སྐྱོང་མཆོག་ཕེབས་ཚར་བ་རེད་དེ། དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཕྱག་རོགས་ལྷན་ཁང་བདུན་གྱི་བཀའ་བློན་རྣམ་པ་དེ་ང་ཚོས་བསྐོ་དགོས་ཀྱི་ཡོད་རེད། དེའི་ལས་རིམ་དང་བྱས་ཏེ་དེ་རིང་ང་ཚོའི་ཉི་མ་གཉིས་ཀྱི་ལས་རིམ་འདིའི་ནང་ལ་ལས་རིམ་དེ་འདྲ་ཞིག་ཆགས་བསྡད་ཀྱི་ཡོད། ང་རང་ཚོའི་གྲོས་ཚོགས་ནང་གི་གྲུབ་ཆ་ལ་ཆ་མཚོན་པ་ཡིན་ན། དབུས་འོས་བསྡུ་ལས་ཁང་གིས་གསལ་བསྒྲགས་བྱས་པའི་ནང་སྤྱི་འཐུས་ཕྱག་ལས་གནང་བཞིན་པའི་ནང་ནས་རྒྱལ་ཁ་ཐོབ་པའི་མི་གྲངས་ ༡༩ ཆགས་ཀྱི་འདུག དེའི་ནང་གསར་པ་ཕེབས་མཁན་མི་གྲངས་ ༡༧ ཆགས་བསྡད་ཀྱི་འདུག བུད་མེད་ ༩ བྱས་ནས་ང་ཚོའི་གྲུབ་ཆ་དེ་འདྲ་ཞིག་ཆགས་བསྡད་ཀྱི་འདུག དེ་ཡིན་དུས་ང་ཚོས་གསར་རྙིང་བརྗེ་ལེན་གྱི་ཐོག་ནས་གང་ཡིན་པ་དེ་རང་འཇགས་མ་གནས་པའི་ཐོག་ནས་མི་མང་གི་སོ་སོའི་རེ་བ་དང་། འདོད་པ་མཐུན་པའི་ལོ་ལྔ་རེར་འགྱུར་བ་ཞིག་བཏང་བ་རེད། དེ་འདྲ་ཡིན་དུས་འཛིན་སྐྱོང་བཀའ་ཤག་རེད། བཀུར་འོས་སྤྱི་འཐུས་རྣམ་པ་ཚང་མས་ང་ཚོའི་གྲུབ་ཆ་གང་ཡིན་པ་དེ་ངོས་འཛིན་པའི་ཐོག་ནས་ཚང་མས་ནུས་པ་མཉམ་སྤུངས། དཀའ་ངལ་ག་པར་གདོང་ལེན་བྱེད་དགོས་ནའང་ང་ཚོས་དཀའ་ངལ་ལ་གདོང་ལེན་བྱ་རྒྱུ། དེ་བཞིན་ང་ཚོས་ཁྲིམས་སྒྲིག་དེ་དག་བཟོས་པའི་སྐབས་དེར་ཚང་མས་ཐུགས་སྣང་ཟབ་པོས་གནང་དགོས་པ་རེད། མཚམས་མཚམས་སྔོན་མ་བཟོས་པའི་ཁྲིམས་སྒྲིག་དེ་དག་སླ་རུ་ཕྱིན་པ་དེ་འདྲ་ཆགས་ཀྱི་འདུག་ཅེས་སྤྱི་ཚོགས་ནང་གསུང་སྐད་བསྐྱོན་མཁན་དེ་འདྲ་ཡོང་གི་འདུག་གཱ། དེར་བརྟེན་དེ་འདྲ་མ་འགྲོ་བའི་དམ་དོན་བྱེད་དགོས་པ་དེ་ང་རང་ཚོ་མི་ ༤༥ ཚང་མས་ནུས་པ་རྩལ་དུ་སྤུངས་ནས་ཧུར་སྐྱེད་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ། དེ་ག་ནང་བཞིན་གཞིས་ལུས་རྒྱ་ཆེའི་མང་ཚོགས་ཀྱི་མངོན་འདོད་རེ་བ་བྱེད་པ་ལྟར་ང་ཚོས་དེ་དག་བསྒྲུབ་པའི་ཐོག་ལ་ཚང་མས་ནུས་པ་གང་ནུས་སྤུང་རྒྱུའི་རེ་བ་དང་བཅས་མཚམས་བཞག་ཞུ་རྒྱུ་ཡིན།