དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་ལས་བྱེད་རྒན་པ་གཉིས་དང་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡༠ པའི་ཚེས་ ༡༤ ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ནས་ཨ་རིའི་གྲོས་ཚོགས་གོང་མའི་ལས་བྱེད་རྒན་པ་ལྕམ་སྐུ་མོ་ལི་ ཀར་པན་ཊར་ (Molly Carpenter, Legislative Director for Senator Mike Crapo (R-Idaho)) ལགས་དང་། ལྕམ་སྐུ་བྷེ་སིན་ ཆན་ (Bessie Chen, Policy Analyst for Indo-Pacific Affairs for Ranking Member Senator James Risch (R-Idaho) of the Senate Foreign Relations Committee) ལགས་རྣམ་གཉིས་དང་ལྷན་མཇལ་འཕྲད་གནང་སོང་།

ལྕམ་སྐུ་མོ་ལི་ ཀར་པན་ཊར་ (Molly Carpenter) ལགས་ནི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མཡེཀ་ ཁེ་རེ་པོ་ (Senator Mike Crapo) མཆོག་གི་ལས་ཁུངས་ཀྱི་ཁྲིམས་བཟོའི་ལས་དོན་ཚན་པའི་སློབ་སྟོན་པའམ་འགན་འཛིན་ཡིན་པ་དང་། ལྕམ་སྐུ་བྷེ་སིན་ ཆན་ (Bessie Chen) ལགས་ནི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཇེམ་སི་ རི་ཤཱི་ (Senator James Risch) མཆོག་གི་ལས་ཁུངས་ཀྱི་རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ལས་དོན་ཚན་པའི་སྲིད་བྱུས་ཉམས་ཞིབ་པ་དང་སློབ་སྟོན་པ་རྒན་གྲས་ཤིག་རེད་འདུག

ཨ་རིའི་གྲོས་ཚོགས་འཐུས་མིའི་ལས་བྱེད་རྣམ་གཉིས་དང་ལྷན་དུ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཞུ་གཏུགས་དང་འབྲེལ་ལམ་ཚན་པའི་འགན་འཛིན་ལྕམ་སྐུ་ཨན་ཌིར་ སེ་མུལ་སན་ (Andrea Samuelson) ལགས་མཉམ་བཅར་ཞུས་འདུག

མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་འགྲེལ་བརྗོད་སྙིང་བསྡུས་གནང་ཞིང་། དེ་ཡང་ཐོག་མར་ཕྱི་ལོ་ ༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་དང་། རིམ་པས་ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་བསྡུ་དང་། ཕྱི་ལོ་ ༢༠༡༡ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་བསྡུ་བྱས་པའི་འགོ་ཁྲིད་རྣམས་ལ་རྩིས་སྤྲོད་གནང་བའི་སྐོར། འདས་པའི་ལོ་ངོ་ ༦༠ ལྷག་གི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆར་འགྱུར་བ་ཇི་བྱུང་དང་། ད་ལྟའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆར་མི་མང་གིས་འོས་འདེམས་བྱས་པའི་སྤྱི་འཐུས་གྲངས་ ༤༥ ཡོད་པ་སོགས་གསུངས་གནང་སོང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་དང་འབྲེལ་ཏེ། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཆུང་ཁག་ངོ་སྤྲོད། གྲོས་ཚོགས་ནས་བཀའ་བློན་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་འོས་འདེམས་གནང་ཕྱོགས། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་སོགས་ཀྱི་ཐོག་གསུངས་སོང་།

གཞན་ཡང་མཇལ་འཕྲད་སྐབས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། རྒྱ་ནག་དམར་གཞུང་གི་རྒྱ་བསྐྱེད་རིང་ལུགས་ཀྱི་སྲིད་བྱུས་སྐོར། མཐོ་སྒང་བོད་ཀྱི་ས་ཁམས་ཆབ་སྲིད་དང་ཁོར་ཡུག་གི་གལ་གནད། ཨ་རིའི་སྲིད་དོན་ཚོགས་པ་ཐུན་མོང་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་མུ་མཐུད་རྒྱབ་སྐྱོར་ཡོང་ཐབས་སོགས་ཀྱི་ཐོག་གསུངས་རྗེས། ཁོང་རྣམ་པས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་དང་། བཙན་བྱོལ་ནང་འོས་བསྡུ་གནང་ཕྱོགས་སོགས་དང་འབྲེལ་བའི་དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་བ་དང་། དེ་ནས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་ཡོད་པ་བཅས།