དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་རྒྱ་གར་གསར་འགོད་པ་རྒན་གྲས་ལྔ་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་དང་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡༠ པའི་ཚེས་ ༡༢ ཉིན་གུང་ཆུ་ཚོད་ ༡༢།༠༠ པའི་ཐོག་དཔལ་ལྡན་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་། དཔལ་ལྡན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ནས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་རྒྱ་གར་གསར་འགོད་པ་རྒན་གྲས་ལྔ་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་དང་ལྷན་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་དང་། འཕགས་བོད་གཉིས་དབར་ལོ་རྒྱུས་དང་རིག་གཞུང་གི་འབྲེལ་བ། རྒྱ་ནག་དམར་གཞུང་གི་བཙན་བཟུང་འོག་བོད་ནང་བོད་མི་ཚོས་དཀའ་སྡུག་མྱངས་དང་མྱོང་བཞིན་པ་རྣམས་གསལ་སྟོན་བྱ་རྒྱུར་གསར་འགྱུར་བརྒྱུད་ལམ་ཁག་གི་གལ་གནད་སོགས་ཀྱི་ཐོག་གསུངས་གནང་སོང་།

རྒྱ་གར་གསར་འགོད་པའི་སྐུ་ཚབ་ཚོགས་ཆུང་ནང་། རྒྱ་གར་གསར་ཁང་ News18 Network གི་བརྙན་འཕྲིན་གསར་འགྱུར་མདོ་འཛིན་པ་རྒན་གྲས་ལྕམ་སྐུ་ཇ་སཱ་མིན་ ཤར་མ་ (Ms. Jasmine Sharma, Senior Anchor & Deputy Producer) ལགས་དང་། NDTV གསར་ཁང་གི་རྩོམ་སྒྲིག་པ་རྒན་གྲས་སྐུ་ཞབས་རི་ཤཱབ་ (Mr. Rishabh, Associate Editor) ལགས། BBC Punjab གསར་ཁང་གི་གསར་འགོད་པ་སྐུ་ཞབས་ར་ཝིན་དྷར་ སིངྒ་ རོ་བྷིན་ (Mr. Ravinder Singh Robin, Independent Journalist) ལགས། India Today Global གསར་ཁང་གི་རྩོམ་སྒྲིག་པ་དང་། Aaj Tak གསར་ཁང་གི་ཕྱི་འབྲེལ་སྲིད་བྱུས་ཐོག་གི་རྩོམ་སྒྲིག་པ་སྐུ་ཞབས་པ་ར་ནེ་ ཨུ་པ་དྷི་ཡ་ཡ་ (Mr. Pranay Upadhyaya, Editor) ལགས། Zee News ས་གནས་གསར་ཁང་གི་འགན་འཛིན་སྐུ་ཞབས་སན་དྷིབ་ ཀུ་མར་ (Mr Sandeep Kumar, State Bureau Chief) ལགས་བཅས་ཕེབས་འདུག

སྐབས་དེར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས། ལོ་རྒྱུས་ཐོག་འཕགས་བོད་གཉིས་དབར་ཆོས་དང་རིག་གཞུང་གི་འབྲེལ་བའི་སྐོར་ལ་གསུངས་ཤིང་། དེ་ཡང་གཙོ་བོ་བོད་ལ་ནང་ཆོས་རྒྱ་གར་ནས་ཚུར་དར་བ་ཞིག་ཡིན་པ་དང་། དེ་བཞིན་བོད་མི་ཚོས་བཙན་བྱོལ་སྤྱི་ཚོགས་ནང་ལག་བསྟར་བྱེད་བཞིན་པའི་མང་གཙོའི་འགྲོ་ལུགས་དེའང་རྒྱ་གར་གྱི་མང་གཙོའི་འགྲོ་ལུགས་ལ་དཔེ་བལྟས་ནས་ལེགས་ཆ་བླངས་ཡོད་པའི་སྐོར་ལ་གསུངས་པ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། ལས་དོན་གནང་ཕྱོགས་སྐོར་ལ་འགྲེལ་བརྗོད་གནང་སོང་།

གཞན་ཡང་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས། རྒྱ་གར་སྲིད་གཞུང་རིམ་པ་དང་མི་མང་རྣམས་ཀྱིས་བོད་དང་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཐོག་འབད་བརྩོན་བྱེད་བཞིན་པའི་སྐོར་དང་། གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ནས་བོད་མིའི་བསམ་འདུན་དང་མངོན་འདོད་གང་ཡིན་པ་རྣམས་གསལ་སྟོན་བྱ་རྒྱུ་དང་། མང་ཚོགས་ནང་ངོ་སྤྲོད་ཐུབ་རྒྱུར་གལ་ཆེའི་ནུས་པ་ཡོད་སྐོར་གསུངས་སོང་།

གཞན་ཡང་མཐོ་སྒང་བོད་ཀྱི་ས་ཁམས་ཆགས་སྟངས་དང་། ཆུ་བོ་ཆེ་ཁག་གི་འབྱུང་ཁུངས་ཡིན་པའི་ཆ་ནས་ས་ཁམས་ཆབ་སྲིད་ཀྱི་གལ་གནད་དང་། རྒྱ་ནག་དམར་གཞུང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་གནད་དོན་ཐད་ཐེ་བྱུས་བྱེད་བཞིན་པའི་སྐོར། རྒྱ་ནག་དམར་གཞུང་འོག་བོད་ནང་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པ། མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་ལག་བསྟར་གྱིས་བོད་མི་རྣམས་རྒྱ་རིགས་སུ་བསྒྱུར་ཐབས་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་བཟོ་བཞིན་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐོག་ལ་ངོ་སྤྲོད་གནང་སོང་།

མཐར་གསར་འགོད་པའི་སྐུ་ཚབ་ཚོགས་ཆུང་ནས་བཙན་བྱོལ་ནང་བོད་མི་ཚོས་འོས་བསྡུ་གནང་ཕྱོགས་དང་། བོད་རྒྱ་འབྲེལ་མོལ་གྱི་གནས་བབ། མ་འོངས་བོད་ཀྱི་ཆབ་སྲིད་དང་བོད་མིའི་མངོན་འདོད་སོགས་དང་འབྲེལ་བའི་ཐོག་དོགས་འདྲི་གནང་བར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

གཞི་རྩའི་རྒྱ་གར་གསར་འགོད་པའི་སྐུ་ཚབ་ཚོགས་ཆུང་དེ་བཞིན་བཞུགས་སྒར་རྡ་རམ་ས་ལར་ཕེབས་ཏེ། བོད་མིའི་སྒྲིག་འཛུགས་དང་། བོད་པའི་སློབ་གྲྭ གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་ལས་དོན་གནང་ཕྱོགས་དང་། དེ་བཞིན་བོད་མིའི་སྤྱི་ཚོགས་དང་བོད་དོན་ལ་སྐོར་རྒྱུས་མངའ་ཡོང་ཆེད། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་ནས་ཉིན་གྲངས་གསུམ་རིང་གོ་སྒྲིག་ཞུས་པའི་ལས་རིམ་ཞིག་ཆགས་ཀྱི་འདུག་པ་དང་། ཐེངས་འདིའི་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་དང་མཇལ་འཕྲད་སྐབས། འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་བཀྲ་ཤིས་བདེ་སྐྱིད་ལགས་དང་། ལས་བྱེད་མིག་དམར་མཚམས་གཅོད་ལགས་རྣམ་གཉིས་ལྷན་བཅར་ཞུས་འདུག་པ་བཅས།