༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༡༡ པའི་ཚེས་ ༢༠ ཉིན་རྒྱབ་ཆུ་ཚོད་ ༢།༠༠ པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་ཨ་རིའི་གཞུང་གི་རོགས་ཚོགས་ (USAID) ཡི་ཨེ་ཤི་ཡ་ཁུལ་གྱི་འགན་འཛིན་ལས་རོགས་ལྕམ་སྐུ་ཨན་ཇེ་ལི་ ཀོར་ (Anjali Kaur) ལགས་དང་། རྒྱ་གར་ཁུལ་གྱི་ཨ་རིའི་གཞུང་གི་རོགས་ཚོགས་ལས་བྱེད་ཁག་ཅིག་བཅས་དང་ལྷན་མཇལ་འཕྲད་གནང་སོང་།
སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས། ཨ་རིའི་གཞུང་གི་རོགས་ཚོགས་ (USAID) ཀྱི་ངོས་ནས་བོད་ཕྱི་ནང་གཉིས་ཀྱི་ནང་རོགས་དངུལ་གཏོང་ཕྱོགས་ཐོག་ལ་ཐུགས་སྣང་གནང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། ད་བར་ཨ་རིའི་རོགས་ཚོགས་ཀྱི་མཐུན་འགྱུར་གནང་བའི་ཐོག་ནས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག སྤྱི་ཚོགས་བདེ་དོན་བཅས་ཀྱི་ཐོག་ལ་ཕན་ཐོགས་ཆེན་པོ་བྱུང་བསྡད་ཡོད་པ་དང་། ལྷག་པར་དུ་དགོན་སྡེ་ཁག་གི་ནང་ (PRM) རོགས་ཚོགས་ཐོག་ནས་མཐུན་འགྱུར་གནང་བ་རྣམས་ཀྱིས་ཧ་ཅང་གི་ཕན་ཐོགས་ཆེན་པོ་བྱུང་བསྡད་ཡོད་པའི་སྐོར་དང་། དེ་བཞིན་ཨ་རིའི་རོགས་ཚོགས་ (DRL) དང་། ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་། (NDI) ཨ་རིའི་རྒྱལ་ཡོངས་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་། (NED) བཅས་ཀྱིས་བོད་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་དང་། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཐོག་ལ་ཕན་ཐོགས་ཆེན་པོ་གནང་ཡོད་སྐོར་སོགས་གསུངས་གནང་བ་དང་།
དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་རོགས་ཚོགས་ (USAID) ནི་བོད་མིའི་སྒྲིག་འཛུགས་ལ་མཐུན་འགྱུར་གནང་མཁན་རོགས་ཚོགས་རྙིང་ཤོས་གྲས་ཤིག་ཡིན་པ་དང་། རོགས་ཚོགས་འདི་བརྒྱུད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཕན་ཐོགས་ཆེན་པོ་བྱུང་བསྡད་ཡོད་པའི་སྐོར་དང་། དགོས་མཁོར་གཞིགས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་གཏན་འབེབས་གནང་ཕྱོགས་སྐོར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ས་བགོས་ཕྱོགས་བསྐྱོད་དང་། ས་འཐུས་ཟབ་སྦྱོང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་བཅས་ཀྱི་ལས་འཆར་ཁག་ངོ་སྤྲོད་གནང་རྗེས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མ་འོངས་པའི་ལས་འཆར་ཐོག་ཕན་ཚུན་བཀའ་བསྡུར་ལྷུགས་པོ་གནང་སོང་།