དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་དང་། ཧོང་ཀོང་གཞོས་སྐྱེས་ཀྱི་ཚོགས་པ་བཅས་གཉིས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་དང་མཇལ་འཕྲད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༡༡ པའི་ཚེས་ ༡༤ ཉིན་གྱི་སྔ་དྲོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་ཚོགས་གཙོའི་ལས་ཁུངས་སུ་ཐེ་ཝན་ནང་རྟེན་གཞི་བྱས་འི་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་ (Human Rights Network for Tibet and Taiwan- (HRNTT)) དང་། རྒྱ་ནག་དམར་ཤོག་ལ་ཁ་གཏད་གཅོག་མཁན་ཧོང་ཀོང་གཞོན་སྐྱེས་ཀྱི་ཚོགས་པ་ (Hongkong outlanders) བཅས་གཉིས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་དང་ལྷན་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་། ཐེ་ཝན་དང་བོད་ཀྱི་གནས་སྟངས། འབྱུང་འགྱུར་མཉམ་རུབ་ཐོག་ལས་དོན་བརྩམ་དགོས་སྐོར་སོགས་གསུངས་གནང་སོང་།

དེ་ཡང་སྔ་དྲོ་སྐུ་མགྲོན་རྣམ་པ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས། ཐོག་མར་སྤྱི་འཐུས་རྒྱུན་ལས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་དང་། ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་སྣེ་ལེན་དང་། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐོར་སོགས་ངོ་སྤྲོད་སྙིང་བསྡུས་གནང་བ་དང་།

དེ་རྗེས་ཚོགས་གཙོའི་ལས་ཁུངས་སུ་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་མཇལ་འཕྲད་གནང་ཞིང་། སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གཙོ་བོ་གསུང་དོན། ང་ཚོ་ཆབ་སྲིད་ཀྱི་གནས་བབ་ཐོག་ནས་རྒྱ་གར་ལ་བསྡད་ནས་ལོ་ངོ་ ༦༤ ལྷག་འགྲོ་ཡི་ཡོད་པ་དང་། དེའི་རིང་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་བཅས་ལ་བརྟེན་ནས་བོད་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་གནས་བབ་རེད། ལྷག་པར་དུ་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་དང་བཅས་པ་མི་ཉམས་རྒྱུན་འཛིན་གནང་བའི་ཐོག་ད་ཆ་རྒྱལ་སྤྱིའི་ནང་ངོམས་སུ་ཆོག་པའི་གནས་བབ་ཆགས་བསྡད་ཡོད་ཅེས་དང་། རྒྱལ་སྤྱིའི་སྡིངས་ཆའི་ཐོག་ནས་བལྟས་ཡོང་དུས། བོད་དང་། ཐེ་ཝན་གཉིས་ཀར་རྒྱ་ནག་གི་ཤུགས་རྐྱེན་ཡོད་པ་གཅིག་པ་འདྲ་པོ་ཆགས་བསྡད་ཡོད་པའི་སྐོར་དང་། ང་ཚོས་རང་དབང་དང་། མང་གཙོའི་འཐབ་རྩོད་ཐོག་ལ་སེམས་ཤུགས་སྐྱེས་ནས་མུ་མཐུད་ཤུགས་རྒྱག་བཞིན་ཡོད་པ་ནི་སྤོབས་པ་བྱེད་འོས་པ་ཞིག་ཡིན་ལུགས། དེ་བཞིན་ཐེ་ཝན་གྱིས་བོད་ཀྱི་ཆོས་དང་། རིག་གཞུང་ཐོག་ལ་དམིགས་བསལ་གྱིས་དཔལ་འབྱོར་གྱི་མཐུན་འགྱུར་སྦྱར་བའི་ཐོག་ནས་ཕན་ཐོགས་ཆེན་པོ་བསྐྲུན་ཡོད་པའི་སྐོར། དེ་སྔ་བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་ཆེན་སོགས་བསྐོང་ཚོགས་གནང་སྐབས། བོད་མི་རང་གི་ཐོག་ནས་འཐབ་རྩོད་གནང་ཕྱོགས་ལ་གོ་བསྡུར་གནང་གི་ཡོད་སྐོར་དང་། ཕྱི་ལོ་ ༢༠༢༢ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་བསྐོང་ཚོགས་གནང་སྐབས། ཐེ་ཝན་དང་། ནང་སོག ཡུ་གུར། ཧོང་ཀོང་བཅས་ཀྱི་སྐུ་ཚབ་གདན་ཞུས་ཀྱིས་མཉམ་རུབ་ཐོག་རྒྱ་དམར་གཞུང་ལ་གདོང་ལེན་གནང་ཕྱོགས་སྐོར་བགྲོ་གླེང་གནང་ཡོད་པ། གཞན་ཡང་རྒྱ་དམར་གཞུང་གིས་བཙན་དབང་འོག་བོད་དང་རྒྱ་ནག་དབར་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་དང་། དེ་བཞིན་རྒྱ་དཀར་ནག་དབར་བཞག་པའི་དོན་ཚན་ལྔ་ཅན་གྱི་ཆིངས་ཡིག་སོགས་ལ་རྩིས་མེད་རྡོག་རོལ་གྱིས་བོད་ས་དབང་བསྒྱུར་དང་། རྒྱ་གར་ལ་དམག་བརྒྱབ་པ་སོགས་ལུང་འདྲེན་གྱིས་རྒྱ་ནག་གཞུང་དང་འབྲེལ་བ་གནང་དུས་ཟབ་ནན་གནང་དགོས་སྐོར། དེ་བཞིན་བོད་ནང་ཆོས་དད་རང་དབང་དང་། ༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བྱེད་མི་འཇུག་པ་སོགས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྔར་ལྷག་དམ་བསྒྲགས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། གཞིས་བཞུགས་བོད་མི་ ༡༥༧ གྱིས་རང་ལུས་མེར་བསྲེགས་ཕུལ་བའི་སྐོར། རྒྱ་ནག་དམར་གཞུང་གིས་གནས་ཚུལ་འཁྱོག་བཤད་དང་། དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་དུས། ཐེ་ཝན་རྒྱལ་ཁབ་ཀྱི་ཐོག་ནས་རྒྱ་ནག་མི་མང་ཚོས་དངོས་ཡོད་གནས་ཚུལ་ཤེས་ཐུབ་རྒྱུར་གོ་རྟོགས་སྤེལ་རྒྱུའི་བརྒྱུད་ལམ་ལྟ་བུ་བྱ་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་སོགས་གསུངས་གནང་སོང་།

དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོ་བོ་ཉེ་ཆར་འཇར་མན་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བའི་སྐབས། ཚོགས་བཅར་བ་གནད་ཡོད་མི་སྣ་མང་པོར་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། བོད་མིའི་སྒྲིག་འཛུགས་སྐོར་ངོ་སྤྲོད་གནང་རྒྱུའི་གོ་སྐབས་བྱུང་བའི་སྐོར་དང་། དེ་བཞིན་མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གལ་གནད་དང་། བོད་ནས་བབས་པའི་རྒྱུགས་ཆུ་ཁག་ལ་རྒྱ་ནག་དམར་གཞུང་གིས་ཆུ་མཛོད་བརྒྱབ་ཏེ། ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཉེན་ཁ་བཟོ་བཞིན་ཡོད་པ། འཛམ་གླིང་ནང་ཞི་བདེ་ཡོང་ཐབས་སུ་གཙོ་བོ་རྒྱ་ནག་དམར་གཞུང་གིས་བྱ་སྤྱོད་རྣམས་འགན་ཁུར་ལྡན་པ་བཟོ་དགོས་སྐོར། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐོག་ནས་ཚན་རིག་དང་མཐུན་པའི་ཐོག་ནས་མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གལ་གནད་ཐོག་ཞིབ་འཇུག་ཚད་ལྡན་གནང་དགོས་སྐོར། བོད་པ་དང་། ཐེ་ཝན། ཧོང་ཀོང་། ཡུ་གུར། ནང་སོག་བཅས་ཀྱི་མཛའ་འབྲེལ་གོང་མཐོར་བཏང་སྟེ། མཉབ་རུབ་ཐོག་རྒྱ་དམར་གཞུང་ལ་གདོང་ལེན་བྱེད་དགོས་སྐོར་སོགས་གསུངས་གནང་སོང་།

ཐེངས་འདིའི་སྐུ་ཚབ་ཚོགས་ཆུང་ནང་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་གཙོ་ཝུ་ ཧའོ་ ཇེ་ (WU Hao Jee) ལགས་དང་། སྤྱི་ཁྱབ་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས། ཚོགས་པའི་རྒྱུན་ལས་ལིན་ ཛིན་ ཡི་  (Lin Hsin-yi) ལགས། ཐེ་ཝན་ནང་རྟེན་གཞི་བྱས་པའི་རྒྱ་ནག་ལ་ཁ་གཏད་གཅོག་མཁན་གྱི་ཧོང་ཀོང་མི་མང་གི་ཚོགས་པ་ (Hongkong outlanders) ཞེས་པ་གསར་འཛུགས་གནང་མཁན་སྐུ་ཞབས་སི་ཀེ་ ཧྤུང་ (Sky FUNG) ལགས། ཐེ་ཝན་ནང་གི་ཁྲིམས་དོན་དང་འབྲེལ་བའི་གཞུང་འབྲེལ་མིན་པའི་ཚོགས་པའི་རྒྱུན་ལས་ལྕམ་སྐུ་ཚའེ་ མིང་ཛི་ (TSAI Meng-z)  ལགས་བཅས་ཕེབས་འདུག