༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༡༠ པའི་ཚེས་ ༡༧ ཉིན་རྒྱབ་ཆུ་ཚོད་ ༢།༠༠ པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ནས་ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་གི་ཨེ་ཤི་ཡ་ཁུལ་གྱི་ལས་འཆར་འགན་འཛིན་སྐུ་ཞབས་མན་པི་རིཊི་ སིངྒ་ ཨན་ཌི་ (Manpreet Singh Anand, NDI’s Asia Regional Director) མཆོག་དང་། ཚོགས་པའི་བོད་དོན་དང་འབྲེལ་བའི་ལས་འཆར་འགན་འཛིན་ལྕམ་སྐུ་ཇེ་མི་ སི་པེ་ཀར་མན་ (Jami Spykerman, NDI’s Tibet Program Director) མཆོག སྐུ་ཞབས་རི་ཤི་དྷ་ཏ་ (Rishi Datta) ལགས་བཅས་དང་ལྷན་མཇལ་འཕྲད་གནང་སྟེ། ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་གི་མཐུན་འགྱུར་འོག ད་ལྟ་འགྲོ་བཞིན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་འཆར་སྐོར་དང་། དེ་བཞིན་ལས་གཞི་ལེགས་གྲུབ་ཟིན་པ་ཁག མ་འོངས་པའི་ལས་འཆར་སྤེལ་ཕྱོགས་སོགས་ཀྱི་ཐོག་བཀའ་བསྡུར་ལྷུགས་པོ་གནང་སོང་།
སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐོག་མར་ཁོང་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་འཚམས་འདྲི་དང་སྦྲགས་གསུང་དོན། ལོ་ཤས་རིང་ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་ (NDI) གི་མཐུན་འགྱུར་གནང་བའི་ཐོག་ནས་ང་ཚོའི་མང་གཙོའི་འགྲོ་སྟངས་ཐོག་རེད། ཆབ་སྲིད་ཐོག་ནས་ཕྱིའི་རྒྱལ་ཁབ་ཁག་ནང་ཞུ་སྐུལ་གནང་རྒྱུ་སོགས་ཀྱི་ཐོག་ཕན་ཐོགས་ཆེན་པོ་བྱུང་སོང་། དེ་བཞིན་ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་གི་མཐུན་འགྱུར་འོག སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐོག་མར་འགོ་ཚུགས་སྐབས། གསར་དུ་ཕེབས་མཁན་སྤྱི་འཐུས་རྣམས་ལ་ཟབ་སྦྱོང་གནང་བ་དང་། ད་བར་ཐབས་བྱུས་ཚོགས་འདུ་ཐེངས་ཁ་ཤས་ཚོགས་ཡོད་རེད། ལྷག་པར་དུ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་འཆར་གཞི་དེབ་གཟུགས་སུ་བཏོན་ཐུབ་པ་བྱུང་ཡོད་པ་རེད། ང་ཚོའི་ངོས་ནས་ཐབས་བྱུས་འཆར་གཞི་གཞི་རྩར་བཟུང་ནས་ད་ལྟ་ལས་འཆར་སྤེལ་འགོ་འཛུགས་ཟིན་ཡོད།
མ་འོངས་པའི་ལས་དོན་བྱེད་ཕྱོགས་ཐོག་སྐུ་ངོ་ཚོགས་གཞོན་མཆོག་དང་། སྐུ་ཞབས་རི་ཤི་དྷ་ཏ་ལགས་བཅས་ང་ཚོ་ལྷན་འཛོམས་ཐོག་གོ་བསྡུར་བྱས་པ་ཡིན། དེ་ནང་བཞིན་མ་འོངས་པར་ང་ཚོས་མུ་མཐུད་མཉམ་ལས་བྱེད་ཐུབ་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད། ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བའི་གནས་སྟངས་ཤིག་ཆགས་བསྡད་ཡོད་དུས། ལས་འཆར་གང་སྤེལ་བ་ཡིན་ནའང་། དཔལ་འབྱོར་གྱི་མཐུན་འགྱུར་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད། དེ་ཡིན་དུས་ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་དང་། དེ་བཞིན་ཨ་རིའི་རོགས་ཚོགས་ (PRM) དང་། (USAID) བརྒྱུད་ནས་མཐུན་འགྱུར་གནང་བཞིན་ཡོད་པ་དེས་ང་ཚོར་ཕན་ཐོགས་ཆེན་པོ་འདུག གཞན་ཡང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་དེབ་དང་། གྲོས་ཚོགས་ངོ་སྤྲོད་ཀྱི་བརྙན་ཐུང་དེ་འདྲ་བཟོ་རྒྱུ་སོགས་ཀྱི་ཐོག་ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་གི་ཐོག་ནས་མཐུན་འགྱུར་ཤུགས་ཆེན་པོ་གནང་སོང་བས། རྣམ་པ་ཚོ་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་། མ་འོངས་པར་མུ་མཐུད་ནས་མཐུན་འགྱུར་གནང་རོགས་ཞེས་གསུངས་གནང་སོང་།
དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གཙོ་བོ་གསུང་དོན། ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་ (NDI) གི་མཐུན་འགྱུར་འོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མཁས་དབང་གདན་ཞུས་ཀྱིས་རྒྱལ་སྤྱིའི་ནང་བོད་དོན་ཞུ་སྐུལ་གནང་ཕྱོགས་ཀྱི་ཚོགས་འདུ་བསྐོང་ཚོགས་གནང་ཐུབ་པའི་སྐོར་དང་། དེ་བཞིན་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ཟབ་སྦྱོང་ཁག་ཅིག་དང་། གཞོན་སྐྱེས་འགོ་ཁྲིད་ནུས་པ་སྐྱེད་བསྲིང་གི་ཟབ་སྦྱོང་གནང་ཐུབ་པ། གཞན་ཡང་རྒྱ་གར་མཐོ་སློབ་ཁག་གི་ནང་བོད་དོན་སྐོར་ངོ་སྤྲོད་གནང་ཐུབ་པ་སོགས་ལས་འཆར་མང་པོ་ཞིག་ལེགས་གྲུབ་བྱུང་བའི་སྐོར་གསུངས་པ་དང་འབྲེལ། མ་འོངས་པར་མུ་མཐུད་ལས་འཆར་ཐོག་མཐུན་འགྱུར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་སོང་།
ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་གི་ཨེ་ཤི་ཡ་ཁུལ་གྱི་ལས་འཆར་འགན་འཛིན་སྐུ་ཞབས་མན་པི་རིཊི་ སིངྒ་ ཨན་ཌི་ (Manpreet Singh Anand, NDI’s Asia Regional Director) མཆོག་གིས་ཚོགས་པའི་ལས་དོན་བྱེད་ཕྱོགས་དང་། མང་གཙོ་སྲ་བརྟན་ཡོང་ཐབས་ཀྱི་གལ་གནད་སྐོར་སོགས་ངོ་སྤྲོད་དང་འབྲེལ། མུ་མཐུད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ལྷན་མཉམ་རུབ་ཐོག་ལས་དོན་བྱ་རྒྱུའི་འདུན་པ་ཡོད་སྐོར་སོགས་གསུངས་གནང་རྗེས།
དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་བ་དང་། དེ་ནས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་ཡོད་པ་བཅས། །