དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཨི་ཊ་ལིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་སྲིད་དོན་ཚོགས་པ་ (Atlas) ཞེས་པ་གསར་འཛུགས་གནང་མཁན་རྣམ་པ་གཉིས་དང་མཇལ་འཕྲད་གནང་བ།


༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༡༠ པའི་ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ནས་ཚོགས་གཙོའི་ལས་ཁུངས་སུ་ཨི་ཊ་ལིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་སྲིད་དོན་ཚོགས་པ་ (Atlas) ཞེས་པ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་ཨན་ཌི་རི་ ཝེན་ཛོན་ (Andrea Venzon) ལགས་དང་། ལྕམ་སྐུ་ཁོ་ལོམ། སི་ སལ་ཝ་ཌོར་ (Colombe C. Salvador) ལགས་རྣམ་གཉིས་དང་ལྷན་མཇལ་འཕྲད་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་སྐོར་ངོ་སྤྲོད་དང་། མང་གཙོའི་སྐོར་ལ་བཀའ་བསྡུར་ལྷུགས་པོར་གནང་སོང་།


དེ་ཡང་ཐོག་མར་སྐུ་ཞབས་ཨན་ཌི་རི་ ཝེན་ཛོན་ (Andrea Venzon) ལགས་ཀྱིས་ (Atlas) ཚོགས་པའི་ནང་འཛམ་གླིང་རྒྱལ་ཁབ་ཁག་ ༡༣༤ ཡི་ཚོགས་མི་ཁྱོན་མི་གྲངས་སྟོང་ཕྲག་ཉི་ཤུ་རྩ་བཞི་ལྷག་ཡོད་པའི་སྐོར་དང་། ཚོགས་པའི་དམིགས་ཡུལ་ནི་འཛམ་གླིང་ནང་ཆིག་སྒྲིལ་གྱི་ནུས་པ་གོང་མཐོར་གཏོང་རྒྱུ་ཡིན་ལུགས། ད་རེས་བཞུགས་སྒར་རྡ་སར་བོད་དོན་སྐོར་མཁྱེན་རྟོགས་སླད་ཕེབས་པའི་སྐོར་སོགས་ཚོགས་པའི་སྐོར་ངོ་སྤྲོད་དང་།

དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྤྱི་དང་། ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་རྒྱུན་འབྲེལ་སྡེ་ཚན་དང་། ཆབ་སྲིད་སྡེ་ཚན། འཛིན་སྐྱོང་རྟོག་ཞིབ་སྡེ་ཚན་བཅས་སྡེ་ཚན་གསུམ་གྱི་སྐོར། སྤྱི་འཐུས་རྣམ་པ་མི་མང་གི་བདེ་སྡུག་གཟིགས་ཞིབ་སླད་བཙན་བྱོལ་བོད་མིའི་འདུ་སྡོད་ཁག་ལ་ས་བགོས་ཕྱོགས་བསྐྱོད་ཕེབས་བཞིན་ཡོད་པ་དང་། བོད་དོན་ཞུ་སྐུལ་སླད་ཡུ་རོབ་དང་། ཨ་རི་སོགས་རྒྱལ་ཁབ་ཁག་འདྲ་མིན་ནང་ཆེད་ཕེབས་ཀྱིས་དཔོན་རིགས་མཇལ་འཕྲད་གནང་བཞིན་ཡོད་པ་སོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་སྐོར་ངོ་སྤྲོད་དང་།

རྒྱ་ནག་དམར་གཞུང་གིས་བོད་ནང་བྱིས་པ་ས་ཡ་གཅིག་མན་ཙམ་རྒྱ་གཞུང་གི་སྟངས་འཛིན་འོག་ཡོད་པའི་བཅའ་སྡོད་སློབ་གྲྭའི་ནང་བཙན་ཤེད་ཐོག་སློབ་འཇུག་བྱེད་བཅུག་སྟེ། བོད་མི་རྣམས་རྒྱ་རིགས་སུ་བསྒྱུར་ཐབས་བྱེད་བཞིན་ཡོད་པ་དང་། དེ་བཞིན་བོད་ནང་ཁུལ་འགྲུལ་བསྐྱོད་ལའང་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གལ་གནད་སོགས་ཀྱི་ཐོག་གསུངས་གནང་བ་མ་ཟད།

ཁོང་རྣམ་པས། བཙན་བྱོལ་ནང་འོས་བསྡུ་གནང་ཕྱོགས་སྐོར་དང་། ཉེ་ཆར་རྒྱལ་ས་ལྡི་ལིར་དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་ ༢༠ ཡི་ཚོགས་འདུ་བསྐོང་ཚོགས་གནང་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གི་མཚན་ཐོག་ནས་བོད་དོན་ཞུ་སྐུལ་ཡི་གེ་བཏང་བ་དེར་རྒྱལ་ཁབ་སོ་སོས་ལན་འདེབས་གང་གནང་མིན། རྒྱལ་སྤྱིའི་ནང་བོད་མིའི་སྒྲིག་འཛུགས་ངོས་འཛིན་གནང་མཁན་ཡོད་མེད་སྐོར། ཡུ་རོབ་མཐུན་ཚོགས་ནས་བོད་ཀྱི་གནད་དོན་ཐོག་ལ་གཟིགས་ཚུལ་ཇི་འདྲ་ཡོད་མེད་སོགས་ཀྱི་ཐོག་དོགས་འདྲི་ཕུལ་བར། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ལན་འདེབས་གསལ་བཤད་གནང་བ་དང་། དེ་བཞིན་ (Atlas) ཚོགས་པའི་ངོས་ནས་འབྱུང་འགྱུར་བོད་དོན་སྐོར་བརྗོད་གཞི་གཙོ་བོར་བྱས་པའི་ཚོགས་འདུ་ཞིག་བསྐོང་འཆར་ཡོད་པའི་སྐོར་སོགས་གསུངས་གནང་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་ཡོད་པ་བཅས།