དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཨ་རིའི་ (PRM) རོགས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༥ ཉིན་རྒྱབ་ཆུ་ཚོད་ ༤།༤༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་ཨ་རིའི་གཞུང་གི་མི་འབོར་དང་། སྐྱབས་བཅོལ། གཞིས་སྤོ་ (Bureau of Population, Refugee and Migration) ལས་ཁུངས་ཀྱི་དྲུང་ཆེ་གཞོན་པ་ལྕམ་སྐུ་ཇེ་ནི་ནེ་ ཝཡེ་ནེ་ (Janine Wynne, Deputy Assistant Secretary) མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་རོགས་ཚོགས་ (PRM) ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་དང་ལྷན་མཇལ་འཕྲད་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་དོན། བོད་ཀྱི་གནད་དོན་ནི་ཆབ་སྲིད་ཀྱི་གནད་དོན་ཙམ་མིན་པར། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་དང་བཅས་པ་སྲུང་སྐྱོབ་བྱ་རྒྱུའི་འགན་འཁྲིའང་ཡོད་པ་ལྟར། བཙན་བྱོལ་ནང་བོད་མི་ཚོས་རང་གི་ཐུན་མོང་མ་ཡིན་པའི་ངོ་བོ་དེ་དག་སྲུང་སྐྱོབ་ཡག་པོ་བྱས་ཡོད་པའི་སྐོར་དང་། འདས་པའི་ལོ་ངོ་དྲུག་ཅུ་ལྷག་གི་རིང་། རྒྱ་གར་དང་། ཨ་རིའི་གཞུང་སོགས་ནས་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་གནང་བ་དང་།

དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོ་བོ་གསུང་དོན། ཨ་རིའི་ (PRM) རོགས་ཚོགས་ཀྱི་མཐུན་འགྱུར་འོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གྲུབ་འབྲས་ལྡན་པའི་ལས་འཆར་མང་པོ་ཞིག་ལག་བསྟར་ཐུབ་ཡོད་པ་དང་། དེས་གཞི་རིམ་མང་ཚོགས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པའི་སྐོར་སོགས་གསུངས་སོང་།

ཨ་རིའི་ (PRM) རོགས་ཚོགས་ཀྱི་དྲུང་ཆེ་གཞོན་པ་ལྕམ་སྐུ་ཇེ་ནི་ནེ་ ཝཡེ་ནེ་ (Janine Wynne, Deputy Assistant Secretary) མཆོག་གིས་རྒྱ་གར་དང་། བལ་ཡུལ་ནང་གི་ཚོགས་པའི་ལས་དོན་ཁག་ངོ་སྤྲོད་དང་། བོད་མི་རྣམས་ལ་མུ་མཐུད་མཐུན་འགྱུར་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་གཏན་འབེབས་གནང་ཕྱོགས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཙན་བྱོལ་བོད་མིའི་བདེ་དོན་ཐོག་ཇི་ལྟར་གཟིགས་ཞིབ་གནང་མིན་སྐོར་སོགས་ཀྱི་དོགས་འདྲི་ཕུལ་བར། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

གཞི་རྩའི་ཁོང་རྣམས་ཨ་རི་གཞུང་གི་པི་ཨར་ཨེམ་ (PRM) གྱི་རོགས་སྐྱོར་འོག་འགྲོ་བཞིན་པའི་ལས་གཞི་ཁག་ལ་གཟིགས་རྟོག་སླད་ཕེབས་འདུག་པ་བཅས། །