དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་དང་། བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་ལི་སཱ་ སིངྒ་ མཆོག་དང་ལྷན་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡༥ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་ཚོགས་གཙོའི་ལས་ཁུངས་སུ་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་དང་། ཨོ་སི་ཀྲོ་ལི་ཡ་དང་རྒྱ་གར་དབར་འབྲེལ་ལམ་གོང་འཕེལ་བསྟི་གནས་ཁང་ (Australia India Institute) ཞེས་པའི་སྤྱི་ཁྱབ་འགན་འཛིན་བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་ལི་སཱ་ སིངྒ་ (Hon.  Lisa Singh, former Australian Senator and CEO of Australia India Institute) མཆོག་དང་ལྷན་མཇལ་འཕྲད་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གསུངས་དོན་སྙིང་པོར། རྒྱ་ནག་དམར་གཞུང་གིས་རྒྱལ་སྤྱིའི་ནང་ལོ་རྒྱུས་ཐོག་བོད་རང་དབང་རང་བཙན་གྱི་གནས་བབ་ལ་འཁྱོག་བཤད་ལོག་འགྲེལ་བྱས་དང་བྱེད་བཞིན་ཡོད་པ་དང་། དེར་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པས་རྒྱ་ནག་དང་ལྷན་འབྲེལ་བ་གནང་སྐབས་སོ་སོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་ཁེ་ཕན་ཁོ་ན་བསམ་པ་ལས། བོད་ཀྱི་དངོས་ཡོད་ལོ་རྒྱུས་ལ་དོ་སྣང་གནང་གི་མེད་པའི་རྐྱེན་ཀྱིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་མིའི་རྩ་དོན་འཐབ་རྩོད་གནང་ཕྱོགས་ལའང་དཀའ་ངལ་འཕྲད་ཀྱི་ཡོད་པའི་སྐོར་དང་། ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་བོད་དེ་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་གཞིར་བཞག་པའི་ཐོག་ནས་ང་ཚོས་རྒྱ་ནག་དང་ལྷན་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་པའི་ཐོག་གྲོས་མོལ་ཡོང་རྒྱུར་འབོད་སྐུལ་བྱེད་བཞིན་ཡོད་པ། དེ་བཞིན་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ་དང་། ལྷག་པར་དུ་གྲོས་ཚོགས་འཐུས་མི་སོགས་དང་ལྷན་མཇལ་འཕྲད་གནང་སྐབས་རྒྱ་ནག་དང་ལྷན་ཚོང་འབྲེལ་སོགས་གནང་དུས་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་ཆབས་ཅིག བོད་ཀྱི་གནད་དོན་ངེས་པར་དུ་གསལ་སྟོན་དགོས་པའི་ཞུ་སྐུལ་གནང་གི་ཡོད་པའི་སྐོར། བོད་དོན་བདེན་མཐའ་མ་གསལ་བར་བོད་ཀྱི་རྩ་དོན་ཐོག་མུ་མཐུད་འབད་བརྩོན་གནང་དགོས་སྟབས་དེར་རྒྱལ་སྤྱིའི་རྒྱབ་སྐྱོར་ཤུགས་ཆེ་དགོས་ལུགས། འདས་པའི་ལོ་ཤས་ནང་འཕྲུལ་རིག་དང་། སྤྱི་ཚོགས་དྲྭ་ལམ་ཡར་རྒྱས་ཤུགས་ཆེར་ཕྱིན་པ་དང་བསྟུན་རྒྱ་ནག་དམར་གཞུང་གིས་དྲྭ་ལམ་ཁག་བརྒྱུད་གནས་ཚུལ་རྫུན་བསྒྲགས་བྱེད་རྒྱུ་སྔར་ལྷག་ཤུགས་ཆེར་བཏང་བཞིན་པ་མ་ཟད། བོད་ནང་གསང་ཉུལ་བལྟ་ཞིབ་དང་། དམ་བསྒྲགས་ཤུགས་ཆེར་བཏང་ཡོད་པའི་སྐོར། བོད་ནང་བྱིས་པ་ས་ཡ་གཅིག་ལྷག་རྒྱའི་གཏན་འཇགས་སློབ་གྲྭའི་ནང་བཙན་ཤེད་ཐོག་སློབ་འཇུག་བྱེད་བཅུག་སྟེ། བོད་ཀྱི་སྐད་ཡིག་དང་། རིག་གཞུང་། མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་དང་། དེར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཐོག་ནས་རྒྱ་གཞུང་གི་འབྲེལ་ཡོད་དཔོན་རིགས་ཁག་ཅིག་གི་མཐོང་མཆན་ལ་དམ་བསྒྲགས་གནང་བའི་སྐོར།

ཏོག་དབྱིབས་གཉན་རིམས་ ༡༩ འཛམ་གླིང་ཁྱོན་ཡོངས་ནང་ཁྱབ་གདལ་ཤུགས་ཆེ་བྱུང་སྟེ། མི་ཁྲི་ཕྲག་མང་པོའི་ཚེ་སྲོག་ཤོར་བ་སོགས་མི་རྒྱུ་གཉིས་ལ་དཀའ་ངལ་ཆེན་པོ་འཕྲད་པའི་རྗེས། རྒྱལ་སྤྱིའི་ཐོག་རྒྱ་ནག་ལ་བལྟ་ཚུལ་འགྱུར་བ་ཤུགས་ཆེན་པོ་ཕྱིན་ཡོད་པ་དེས་དཔལ་འབྱོར་མ་འཛུགས་བྱེད་ཕྱོགས་དང་། ས་ཁམས་ཆབ་སྲིད་ཀྱི་ཐོག་ལའང་འགྱུར་བ་ཐེབས་ཏེ། རྒྱ་གར་རྒྱལ་ཁབ་སོགས་ལ་གོ་སྐབས་གསར་པ་བྱུང་བཞིན་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་ནང་དཔལ་འབྱོར་དང་། ཆབ་སྲིད་གང་གི་ཐད་ནས་ཀྱང་དཀའ་ངལ་འཕྲད་བཞིན་ཡོད་སྐོར། དེ་བཞིན་ཉེ་ཆར་དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་ ༢༠ ཡི་ཚོགས་འདུ་རྒྱ་གར་རྒྱལ་ས་ལྡི་ལིར་བསྐོང་ཚོགས་གནང་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་དོན་ཞུ་སྐུལ་ཡི་གེ་བཏང་བའི་སྐོར་དང་། བོད་མི་མང་སྤྱི་འཐུས་རྣམ་པས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམ་པ་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པའི་སྐོར་སོགས་གསུངས་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ལྷན་ཚོགས་ (INPaT) སླར་གསོ་དང་འབྲེལ་གྲོས་ཚོགས་འཐུས་མི་དང་། གྲོས་ཚོགས་འཐུས་མི་ཟུར་པ་ཚོགས་མིའི་ཁོངས་འཛུལ་ཞུགས་གནང་རྒྱུ་བཟོས་ཡོད་པ་ལྟར། ཚོགས་མིའི་ཁོངས་སུ་འཛུལ་ཞུགས་གནང་སྐྱོང་ཡོང་བ་ཞུས་པར། ལྕམ་སྐུ་ཁོང་གིས་ཞལ་བཞེས་གནང་སོང་།

སྐབས་དེར་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་དང་། ཨོ་སི་ཀྲོ་ལི་ཡ་དང་རྒྱ་གར་དབར་འབྲེལ་ལམ་གོང་འཕེལ་བསྟི་གནས་ཁང་ (Australia India Institute) ཞེས་པའི་སྤྱི་ཁྱབ་འགན་འཛིན་བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་ལི་སཱ་ སིངྒ་ (Hon.  Lisa Singh, former Australian Senator and CEO of Australia India Institute) མཆོག་གིས་ད་རེས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་སྣེ་ལེན་མཇལ་འཕྲད་གནང་བར་དགའ་ཚོར་ཆེན་པོ་བྱུང་སྐོར་དང་། རྒྱལ་སྤྱིའི་དབུ་ཁྲིད་དང་གྲོས་ཚོགས་འཐུས་མི་རྣམ་པ་སོགས་མཇལ་འཕྲད་ཀྱིས་བོད་ཀྱི་གནས་ཚུལ་མཁོ་སྤྲོད་གནང་རྒྱུ་གལ་ཆེ་ཡིན་ལུགས། ཨོ་སི་ཀྲོ་ལི་ཡའི་ནང་གི་གྲོས་ཚོགས་ཀྱི་གནས་སྟངས། ཨ་རི་དང་ཨོ་གླིང་རྒྱལ་ཁབ་དབར་འབྲེལ་བ་དམ་ཟབ་ཡོད་སྐོར། འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་ལ་ཡིད་ཆེས་ཡོད་པའི་ཐོག་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བཞིན་ཡོད་པ་སོགས་གསུངས་གནང་རྗེས། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་དང་། ཐབས་བྱུས་འཆར་གཞིའི་ཡིག་ཆ་བོད་དོན་ཡིག་ཆ་ཁག་ཅིག་ཕུལ་གནང་སོང་བ་བཅས།