དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་ཕྱོགས་ཕེབས་སྤྱི་འཐུས་རྣམ་པ་༸དཔལ་༸རྒྱལ་དབང་ཀརྨ་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཛད་སྒོའི་ཐོག་ཆེད་ཕེབས་གནང་བ། 

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༦ ཉིན་བྱང་ཨ་རིའི་ཀརྨ་པ་སྲི་ཞུ་ཚོགས་པའི་གོ་སྒྲིག་འོག ནེའུ་ཡོག་དང་ནེའུ་འཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ཕུན་ཚོགས་སྡེ་བཞིའི་ནང་༸དཔལ་༸རྒྱལ་བའི་དབང་པོ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་དབང་གི་རྡོ་རྗེ་མཆོག་དགུང་གྲངས་ ༣༨ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ་ཟབ་རྒྱས་ཤིག་སྲུང་བརྩི་ཞུས་པའི་ཐོག དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་དབུས་ཕྱོགས་ཕེབས་སྤྱི་འཐུས་རྣམ་པ་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད།


མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་ང་ཚོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཞུང་འབྲེལ་ལས་དོན་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་དེ་བཞིན་ལེགས་གྲུབ་བྱུང་བའི་རྗེས་སུ་ཁ་སང་ནེའུ་ཡོག་ཏུ་དུ་འབྱོར་འཕྲལ། ནེའུ་ཡོག་དང་ནེའུ་འཇར་སི་ཁུལ་ལ་གནས་སྡོད་བོད་རིགས་མང་ཚོགས་ཐུག་འཕྲད་དང་། མདང་གོང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དུས་དྲན་སྲུང་བརྩིའི་ཐོག་བཅར་བ། དེ་རྗེས་ཀ་ནིག་ཀྲི་ཀཊ་ཁུལ་ལ་བོད་ཀྱི་དུས་སྟོན་ཐོག་ལ་བཅར་ཏེ། དེ་རིང་སྔ་དྲོ་ཀ་ནིག་ཀྲི་ཀཊ་ནས་ཚུར་ཐོན་ནས་དཔལ་༸རྒྱལ་དབང་ཀརྨ་པའི་༸སྐུའི་འཁྲུངས་སྐར་མཛད་སྒོའི་ཐོག་བཅར་རྒྱུ་བྱུང་བར་ཧ་ཅང་གི་བསོད་ནམས་དང་། བསྐལ་པ་བཟང་པོ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད།


རྩ་བའི་འཁྲུངས་སྐར་གཏོང་སྲོལ་དེ་བོད་དང་། ཧི་མཱ་ལ་ཡའི་ལུགས་སྲོལ་ནང་མེད་པ་འདྲ་པོ་ཞིག་རེད། འཁྲུངས་སྐར་གཏང་རྒྱུ་དེ་དེང་སང་ནུབ་ཕྱོགས་ནས་ཚུར་དར་བའི་ལུགས་སྲོལ་ཞིག་རེད། དེང་སང་དེ་རྒྱལ་སྤྱིའི་ཁྱོན་ཡོངས་ལ་ཁྱབ་པའི་རིག་གཞུང་འདྲ་པོ་ཞིག་ཆགས་བསྡད་ཡོད། དེའི་ཐོག་ནུབ་ཕྱོགས་ཀྱི་འགྲེལ་བཤད་རྒྱག་སྟངས་སྐོར་ངས་གསལ་པོ་ཞུ་ཐུབ་ཀྱི་མེད། ང་རང་ཚོས་ངོས་འཛིན་བྱེད་སྟངས་དེ་གསལ་པོ་ཞིག་ཡོང་ཐུབ་དགོས་པ་དང་། དེ་ཡང་སོ་སོའི་ངོས་ནས་འགྲོ་སོང་ཕོན་ཆེན་པོ་ཞིག་གཏོང་གི་ཡོད་པ་མ་ཟད། མི་མང་འདུ་འཛོམས་དང་། མཛད་སྒོ་སོགས་འཚོགས་ཀྱི་ཡོད་དུས། དེ་ལ་ང་ཚོས་ངོས་འཛིན་འདྲ་པོ་ཞིག་གང་འདྲ་གནང་དགོས་རེད་ཟེར་བ་དེ་དྲི་བ་ཞིག་ཆགས་བསྡད་ཡོད་རེད། གཙོ་བོ་དེ་རིང་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་ཡིན་པ་དང་། ཀརྨ་པ་རིན་པོ་ཆེ་སྐུ་བལྟམས་པ་ནས་ད་ལྟའི་བར་དུ་མཛད་པ་འཕྲིན་ལས་བསྐྱངས་པ་རྣམས་རྗེས་དྲན་ཞུ་རྒྱུ་དང་། ལྷག་པར་དུ་རིན་པོ་ཆེ་མཆོག་གི་ཐུགས་ལ་དགོངས་གཞི་གང་ཡོད་པ་རྣམས་ང་ཚོ་ཚང་མས་དེ་ལ་ཐེ་ཚོམ་མེད་པའི་ཐོག་ནས་ཤར་བསྐྱོད་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན། ད་ལྟ་གོང་དུ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་བརྙན་འཕྲིན་བརྒྱུད་བཀའ་སློབ་ཕེབས་པ་གཞིར་བཟུང་རེད། ཁོང་རྣམ་པ་བསྟན་པ་དང་འགྲོ་བའི་དོན་དུ་བསམ་བཞིན་དུ་མིའི་གཟུགས་སུ་བྱོན་པ་རེད། ང་ཚོ་མདོ་སྡེའི་ནང་ཡོད་པ་ལྟར། ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། ། དུ་བ་ལས་ནི་མེར་ཤེས་དང། ། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། རིགས་ནི་མཚན་མ་དག་ལས་ཤེས། ཞེས་གསལ་བ་ལྟར། ཁོང་གཅིག་རེད་དཱ། དེ་རེད་དཱ་ཟེར་བ་ཙམ་གྱིས་འགྲིག་གི་ཡོད་མ་རེད། དེའི་མཛད་པ་འཕྲིན་ལས་དང་། གནང་ཕྱོགས་ཀྱི་ཐོག་ནས་གང་ཟག་དེ་གང་ཡིན་པ་གསལ་པོ་ཆགས་ཀྱི་ཡོད་རེད། དེ་ཡང་རྒྱུ་མཚན་ལ་བརྟེན་ནས་ཆགས་ཀྱི་ཡོད་རེད། ༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་བློས་གཏོང་ཆེན་པོ་གནང་ནས་བཙན་བྱོལ་ལ་ཕེབས་པ་རེད། བཙན་བྱོལ་ལ་ཕེབས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་ཐུགས་ཉེ་ས་ཞིག་ལ་བཞུགས་ནས་༸གོང་ས་མཆོག་གི་ཕྱི་ནང་གསང་གསུམ་གྱི་མཛད་འཕྲིན་ལ་ཐུགས་རྒྱུད་ཡོད་པ། ༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཡིན་ནའང་། ང་ཚོ་ཆོས་ཕྱོགས་ནས་ཞུས་པ་ཡིན་ན། ཐུགས་ཀྱི་ཉེ་ས་ཞིག་ལ་བརྩིས་ནས་ཐུགས་རེ་ཆེན་པོ་ཞིག་གནང་གི་ཡོད་རེད། རྣམ་པ་ཚོ་མང་བས་མཁྱེན་ཡོད་ཀྱི་རེད། ཐེངས་གཅིག་རྡ་སར་ནང་ཆོས་དང་། ཚན་རིག་གི་བགྲོ་གླེང་ཞིག་ཚོགས་པའི་སྐབས་སུ། ༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཀརྨ་པ་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་རྣམ་གཉིས་བཀའ་འགུགས་གནང་སྟེ། ད་ལྟ་འཛམ་གླིང་འདིའི་ནང་ལ་བོད་ཀྱི་རིག་གཞུང་དང་། ལྷག་པར་དུ་ཚན་རིག་གི་ཐོག་ནས་དོ་སྣང་སླེབས་བསྡད་པའི་གཞི་འདྲ་པོ་ཞིག་ཆགས་བསྡད་འདུག་གཱ ང་ལོ་ཡར་སླེབས་ཚར་བ་རེད། མ་འོངས་པར་མཇུག་སྐྱོང་མཁན་དེ་ཁྱེད་ཚོ་རེད་དཱ་ཞེས་བཀའ་ཁྱབ་གསལ་པོ་ཕེབས་ཡོད་རེད། སྤྱིར་བསྟན་འགྲོ་སྤྱི་དང་། བྱེ་བྲག་ཏུ་བོད་མི་རིགས་ཀྱི་བསོད་ནམས་དང་། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་གྱི་གཞོགས་འདེགས་ཀྱི་ཀ་ཆེན་ལྟ་བུ་ཞིག་ལ་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད་རེད། མ་འོངས་པར་རིན་པོ་ཆེ་མཆོག་གི་ཡིན་ནའང་། བསྟན་འགྲོ་སྤྱི་དང་། ལྷག་པར་དུ་བོད་གངས་ཅན་ལྗོངས་ཀྱི་སྐྱེ་འགྲོ་ཀུན་ལ་ཐུགས་རྗེའི་གཟིགས་པ་མ་ཡོལ་བའི་ཐོག་ནས་ཐུགས་བསྐྱེད་རྗེས་འཛིན་གྱི་ཐོག་ནས་དུས་ནས་དུས་སུ་བཀའ་སློབ་ལམ་སྟོན་ཕེབས་རྒྱུའི་གསོལ་འདེབས་ཞུ་རྒྱུ་ཡིན།


དེ་བཞིན་ང་ཚོ་ཚང་མས་དུས་རྒྱུན་དུ་གཙོ་བོ་སེམས་པ་བཞག་ས་དེ། ༸རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་ལ་སློབ་སྦྱོང་གནང་དགོས་པ། དེ་ཡང་སློབ་དཔོན་དབྱིགས་གཉེན་གྱིས་གསུངས་པ་ནང་བཞིན་ལུང་དང་། རྟོགས་པའི་བསྟན་པ་དེ་ཉིད་བཤད་པ་དང་། སྒྲུབ་པའི་ཐོག་ནས་འཛིན་དགོས་པ་ཆགས་བསྡད་ཡོད་རེད། དེ་ཡིན་དུས་དགེ་འདུན་པ་དང་། བཙུན་མ་ཙམ་མ་ཡིན་པར་ཚང་མས་སློབ་སྦྱོང་གནང་དགོས་པ་གལ་ཆེན་པོ་ཞེ་དྲག་ཆགས་བསྡད་ཡོད་རེད། ༸སྐྱབས་མགོན་རིན་པོ་ཆེས་གསུངས་པ་ལྟར། བཀའ་འགྱུར་བསྟན་འགྱུར་དེ་བཞིན་མཆོད་ཁང་ནང་བསྒྲིགས་ནས་འཇོག་རྒྱུ་མ་ཡིན་པར། དེར་སློབ་སྦྱོང་གནང་སྟེ་ཉམས་ལེན་བྱེད་དགོས་པ་གལ་ཆེན་པོ་ཆགས་བསྡད་ཡོད་རེད། ང་རང་ཚོའི་རྒྱུད་ལ་ཉོན་མོངས་དུག་གསུམ་དང་། ཉོན་མོངས་དུག་ལྔ། འདོད་ཆགས། ཞེ་སྡང་། ཁོང་ཁྲོ། ང་རྒྱལ། གཏི་མུག་སོགས་སླེབས་དུས། སོ་སོ་རང་ཉིད་དང་། གཞན་སྤྱི་ཚོགས་སོགས་ཚང་མ་མ་སྐྱིད་པ་ཆགས་ཀྱི་ཡོད་རེད། མཐའ་མར་རང་གཞན་ཚང་མ་ཕུང་འགྲོ་ཡི་ཡོད། དེ་མེད་པར་བཟོ་རྒྱུའི་རིག་གཞུང་དེ་བོད་གཅིག་པུར་མ་གཏོགས་ཡོད་མ་རེད་ཟེར་ན་མ་འགྲིག་པ་ཡོད་མ་རེད། གོང་དུ་ཚོགས་གཞོན་གྱིས་གསུངས་པར་ལྟར་རེད། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཅིག་ཕེབས་བསྡད་ཡོད་རེད། དེའི་སྐབས་བོད་ཀྱི་གནས་སྟངས་དེ་ཆབ་སྲིད་གཅིག་པུ་མ་རེད། རིག་གཞུང་རེད། རིག་གཞུང་ཟེར་བ་དེ་ཕར་གཏུག་ན་སེམས་པ་བཟང་པོ་བྱ་རྒྱུ་དང་། འཛམ་གླིང་ཞི་བདེ་ཡོང་རྒྱུར་ཕན་ཐོགས་ཐུབ་པའི་རིག་གཞུང་དེ་བོད་གཅིག་པུར་ཡོད་རེད། དེའི་ཐོག་ནས་འཛམ་གླིང་སྤྱི་ལ་ཞབས་འདེགས་ཞུ་རྒྱུའི་ནུས་པ་ཡོད་རེད། དེའི་ཐོག་ཚང་མས་འགན་ཁུར་ཞུ་ཐུབ་ན་ཡག་པོ་འདུག་ཅེས་བཀའ་གནང་སོང་། དེ་འགན་ཁུར་ཞུས་པར། ཚང་མས་དེའི་ཐོག་སློབ་སྦྱོང་གནང་སྟེ་ཉམས་ལེན་གནང་དགོས་པ་གལ་ཆེན་པོ་རེད། མཐའ་དོན་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་གནང་སོང་།

དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཐོག་མར་སྐུ་མགྲོན་ཡོངས་ལ་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་བོད་ནས་རྒྱ་གར་ལ་བྲོས་བྱོལ་ཕེབས་པའི་སྐབས་ལ། འཛམ་གླིང་ཁྱོན་ཡོངས་ཀྱིས་ཁོང་གིས་བྲོས་བྱོལ་ལ་བསྙེགས་པའི་སྐབས་ཀྱི་ལོ་རྒྱུས་ཐོག་ལ་ཡིད་ཆེས་བྱེད་མ་ཐུབ་པའི་གནས་སྟངས་ཆགས་པ་དེ་ཁོ་ན། ཁོང་གི་མཛད་པ་འཕྲིན་ལས་ཀྱི་ཆ་ཤས་ཙམ་ཞིག་ང་རང་གིས་མཐོང་བའི་ཐོག་ནས། ༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གི་༸སྐུའི་གསང་གསུམ་རྡོ་རྗེ་ཁམས་སུ་བརྟན་ནས་བསྟན་དང་འགྲོ་བའི་དོན་དུ་སྐུ་ཚེ་ཞབས་པད་བརྟན་པ་ཙམ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ཀྱི་གཞོགས་འདེགས་གནང་རྒྱུ་རྒྱུན་རིང་པོར་གནས་ཐུབ་པའི་གསོལ་འདེབས་ཞུ་རྒྱུ་ཞིག་དང་། ང་རང་ཐ་མལ་པ་ཞིག་གིས་མཐོང་བ་དེ་ཞིག་ཞུས་ན། ༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་བོད་མི་རིགས་དང་། འཐབ་རྩོད་ཐོག་གཅིག་སྒྲིལ་གྱི་ནུས་པ་དེ་གལ་ཆེན་པོར་གཟིགས་པའི་ཐོག་ནས་བཀའ་སློབ་རབ་དང་རིམ་པར་ཕེབས་པ་དེར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་དང་། དེར་རྗེས་སུ་ཡི་རངས་ཞུས་པའི་ཐོག་ནས་རྒྱ་ཆེའི་མང་ཚོགས་ནས་དེ་དེ་བཞིན་དུ་འབད་བརྩོན་བྱ་རྒྱུ་དེ་དུས་ཀྱི་དགོས་མཁོ་ཆགས་ཀྱི་ཡོད་རེད་ཅེས་ཞུ་རྒྱུ་ཡིན།


ཁ་སང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་དེ་ག་རང་ཕེབས་ཡོད་རེད། ང་རང་ཚོའི་ཆབ་སྲིད་ཀྱི་འཐབ་རྩོད་དེ་ཆབ་སྲིད་ཙམ་མ་ཡིན་པར། ང་རང་ཚོའི་ཆོས་དང་། རིག་གཞུང་། ལྷག་པར་དུ་སེམས་པ་བཟང་པོ་བྱེད་རྒྱུ་དང་། གཞན་ལ་བསྟུན་མཁས་བྱེད་རྒྱུ། འཛམ་གླིང་ཁྱོན་ཡོངས་ལ་མེད་པའི་བོད་མི་རིགས་ཀྱི་ཁྱད་ཆོས་དེ། ང་ཚོའི་ནང་དོན་རིག་པའི་སྙིང་པོ་དེ་སོ་སོའི་མི་ཚེའི་ནང་ལག་བསྟར་བྱས་པར་བརྟེན་ནས་ཁྱད་དུ་འཕགས་པ་ཞིག་ཆགས་ཡོད་དུས། ཀརྨ་པ་རིན་པོ་ཆེ་མཆོག་གིས་བཀའ་སློབ་ཕེབས་པ་ནང་བཞིན་རེད། བོད་བརྒྱུད་ནང་བསྟན་དེ་བླ་མ་དང་། གྲྭ་པ། བཙུན་མ་ཙམ་མ་ཡིན་པར། ང་རང་ཚོ་ཚང་མས་དེའི་རྗེས་སུ་བསླབ་ནས་གང་ཐུབ་ཐུབ་ཀྱིས་ཚེ་འདིར་བག་ཆགས་བཞག ཚེ་ཕྱི་མར་བོད་བརྒྱུད་ནང་བསྟན་གྱི་ཉིང་ཁུ་ཡོད་པའི་སྐྱེ་བ་ལེན་རྒྱུའི་ཐོག་འབད་བརྩོན་བྱ་རྒྱུ་གལ་ཆེན་པོ་རེད། དེ་རིང་༸རྒྱལ་དབང་ཀརྨ་པ་དགུང་གྲངས་སུམ་ཅུ་སོ་བརྒྱད་ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་ཐོག ཀརྨ་པ་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་སྨོན་ལམ་ཞུ་རྒྱུ་དང་། ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན་ཞེས་གསུངས་གནང་ཡོད།

གཞན་ཡང་མཛད་སྒོའི་ཐོག་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་བརྙན་འཕྲིན་བརྒྱུད་བཀའ་སློབ་དང་། བལ་ཡུལ་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་། འབྲུག་སྤྱི་མཐུན་སྤྱི་མཐུན་ཚོགས་པའི་ཚོགས་གཙོ། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ། བྱང་ཨ་རི་ཀརྨ་པ་སྲི་ཞུ་ཚོགས་པའི་འགན་འཛིན་མཆོག་སོགས་ནས་གསུང་བཤད་གནང་བ་དང་། དེ་བཞིན་མཛད་སྒོའི་ཐོག་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་བཅས་ཞུས་གནང་ཡོད་པ་བཅས། །