དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་སོགས་ནས་ཨ་རིའི་རོགས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དང་ལྷན་མཇལ་འཕྲད་གནང་བ།

༄༅། །ཨ་རིའི་རོགས་ཚོགས་ (USAID) ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་རྡ་སར་ཉིན་གྲངས་བཞིའི་རིང་གཟིགས་སྐོར་དུ་ཕེབས་ཡོད་པ་ལྟར། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༢ ཉིན་གྱི་ཕྱི་དྲོ་ཆོས་ནོར་གསོལ་མགྲོན་ཁང་དུ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག དེ་བཞིན་ཕྱི་རྒྱལ་གནས་སྡོད་སྤྱི་འཐུས་རྣམ་པས། སྐུ་ཚབ་ཚོགས་ཆུང་དང་ལྷན་དགོང་དྲོའི་གསོལ་སྟོན་ཐོག་མཇལ་འཕྲད་གནང་ཡོད།

མཇལ་འཕྲད་ཐོག་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་སྐོར་སོགས་ངོ་སྤྲོད་གནང་བ་དང་། དེ་བཞིན་སྐུ་ཚབ་ཚོགས་ཆུང་ནས་ཕྱི་རྒྱལ་གནས་སྡོད་བོད་མིའི་གནས་སྟངས་སོགས་ཀྱི་ཐོག་དོགས་འདྲི་ཕུལ་བ་ཁག་ལ་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྣམ་པས་ལན་འདེབས་གསལ་བཤད་གནང་བ་དང་། གཞན་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཚགས་ཚུད་དང་། ཡར་རྒྱས་ཡོང་ཐབས་སུ་ཨ་རིའི་རོགས་ཚོགས་ངོས་ནས་མཐུན་འགྱུར་གང་སྦྱར་དགོས་པ་སོགས་ཀྱི་ཐོག་བཀའ་བསྡུར་གནང་ཡོད།

གཞན་ཡང་སྐབས་དེའི་མཇལ་འཕྲད་ཐོག་ཨ་རིའི་རྒྱལ་ཡོངས་མང་གཙོ་བསྟི་གནས་ཁང་ (National Democratic Institute) ཀྱི་ལས་བྱེད་རྣམས་ཀྱང་ཕེབས་གནང་ཡོད་པ་བཅས། །

 

 

Menu