དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་བཙན་བྱོལ་བོད་མིའི་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཐོག་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༩ ནས་ ༡༡ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་རྒྱ་བལ་འབྲུག་གསུམ་དུ་གནས་པའི་བཙན་བྱོལ་བོད་མིའི་ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅུ་བཞི་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ས་གནས་ཁག་དང་འབྲེལ་བའི་གྲོས་ཚོགས་ཀྱི་ལས་དོན་ཐོག་གསུང་བཤད་གནང་རྒྱུར་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད་པ་དང་། སྐབས་དེར་ཚོགས་དྲུང་ཚེ་དབང་དངོས་གྲུབ་ལགས་ཀྱང་ལྷན་བཅར་ཞུས་ཡོད།

ཚོགས་འདུའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་དོན། ཁ་སང་བཀའ་བློན་དམ་འབུལ་གྱི་སྐབས་སུ་སྐུ་ངོ་སྲིད་སྐྱོང་མཆོག་ལ་གྲོས་ཚོགས་དང་འབྲེལ་བའི་ལས་དོན་ཁག་ཅིག་ས་གནས་འགོ་འཛིན་རྣམ་པས་མཁྱེན་རྟོགས་དགོས་པ་ཆགས་ཀྱི་འདུག དུས་ཚོད་ཡོད་ན་ཁྱུག་ཙམ་བཅར་གྱི་ཡིན་ཞེས་ཞུས་པ་གཞིར་བཟུང་། དེ་རིང་ང་ཚོར་དུས་ཚོད་དེ་གནང་བ་རེད། སྐབས་བཅུ་བདུན་པའི་གྲོས་ཚོགས་ཀྱི་ལས་དོན་ཐོག་ལ་རྣམ་པ་ཚོས་མཉམ་རུབ་གནང་དགོས་པ་ཁག་ཅིག་ཡོད་རེད། དེ་རྣམ་པ་ཚོར་སྙན་གསན་ཞུ་རྒྱུ་ཡིན། རྩ་བའི་རྣམ་པ་ཚོ་ཚང་མས་མཁྱེན་གྱི་ཡོད་ཀྱང་དྲན་གསོའི་ཚུལ་དུ་ཞུས་ན་བསམ་བྱུང་། སྐབས་བཅུ་བདུན་པའི་གྲོས་ཚོགས་བསླེབས་པ་དང་། ང་ཚོར་ནམ་རྒྱུན་ལམ་སྲོལ་ཡོད་པ་གཞིར་བཟུང་། ཐོག་མར་རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་འདུ་སྡོད་ཁག་ལ་འཚམས་གཟིགས་འགྲོ་རྒྱུའི་ལས་དོན་ཞིག་ཡོད་རེད། དེ་ང་ཚོས་ཡོངས་ཁྱབ་གསལ་བསྒྲགས་གནང་ཟིན་པ་རེད། ས་གནས་ཁྱབ་ཁོངས་འདྲ་པོ་ ༡༩ ལ་ཆ་བགོས་བྱས། དེའི་ནང་སྤྱི་འཐུས་རྣམ་པ་རྒྱན་བསྐྱུར་གྱིས་ཐོག་ནས་ས་བགོས་འཚམས་གཟིགས་ཕེབས་རྒྱུ་དང་། དེ་ཡང་ཕྱི་ཟླ་ ༡༡ ཚེས་ཤར་ནས་ཕྱི་ལོ་ ༢༠༢༢ ཟླ་ ༣ པའི་བདུན་ཕྲག་དང་པོའི་ནང་ཚུད་འཚམས་གཟིགས་གྲུབ་དགོས་པའི་གནས་ཚུལ་དེ་ཆགས་ཀྱི་ཡོད་རེད། རྩ་བའི་བཀུར་འོས་སྤྱི་འཐུས་རྣམ་པར་ལམ་སྟོན་ཕུལ་ཡོད་པ་རྣམ་པ་ཚོས་མཁྱེན་ཡོད་ཀྱི་རེད། ས་གནས་འགོ་འཛིན་རྣམ་པར་འཛིན་སྐྱོང་བརྒྱུད་ནས་བཀོད་ཁྱབ་ཕེབས་ཡོང་གི་ཡོད་རེད། དེ་ཚོའི་ཐོག་ལ་རྣམ་པ་ཚོས་མཐུན་འགྱུར་དང་འགན་ཁུར་མ་ཕྱུག་པ་གནང་རྒྱུའི་ཡིད་ཆེས་ཡོད་ལ་དེ་ལྟར་གནང་རོགས་ཞེས་ཞུ་རྒྱུ་ཡིན།

དེའི་རྗེས་ལ་སྤྱི་འཐུས་རྣམ་པའི་ས་བགོས་ཀྱི་ལས་རིམ་ཞིག་ཡོད་རེད། སྔ་མ་ལོ་གཅིག་ནང་ལ་སྤྱི་འཐུས་རྣམ་པ་ས་གནས་སུ་ཐེངས་གཉིས་རེ་ཕེབས་རྒྱུའི་ལས་རིམ་བཟོས་ཡོད་རེད། རིམ་པས་ང་ཚོས་བཞུགས་མོལ་འཚོགས་འདུ་དང་། སྤྱི་འཐུས་རྒྱུན་ལས་ནང་གོ་བསྡུར་བྱས་པའི་ཐོག་ནས་ལོ་རེར་ཐེངས་རེ་ཕེབས་གནང་ཐུབ་པ་བྱ་རྒྱུ་དང་། དེ་ཡང་དབྱར་ཁ་ཕེབས་པ་ཡིན་ན། ཕྱི་ཟླ་ ༤ པའི་ཚེས་ཤར་ནས་འགོ་འཛུགས་རྒྱུ་དང་། དགུན་ཁ་ཕེབས་པ་ཡིན་ན། ཕྱི་ཟླ་ ༡༠ པའི་ཚེས་ཤར་ནས་འགོ་འཛུགས་དགོས་པ། དེ་ལྟར་སྤྱི་འཐུས་རྣམ་པ་ས་གནས་སུ་ཕེབས་དགོས་པའི་རྒྱུ་མཚན་གཙོ་བོ་ནི་འཛིན་སྐྱོང་དང་མི་མང་བར་གྱི་ཟམ་པ་ལྟ་བུ་གནང་རྒྱུ་དང་། དེ་བཞིན་འཛིན་སྐྱོང་གི་ལས་དོན་ཡིན་ནའང་འདྲ། གྲོས་ཚོགས་ཀྱི་ལས་རིམ་ཁག་མང་ཚོགས་ལ་གོ་རྟོགས་གསལ་པོ་སྤྲད་རྒྱུ། ལྷག་པར་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས། རྒྱལ་སྤྱིའི་ཆབ་སྲིད་གནས་སྟངས། བོད་ནང་གི་ཛ་དྲག་གནས་སྟངས། རྒྱ་ནག་གི་ཆབ་སྲིད་གནས་སྟངས་སོགས་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུ་སོགས་མང་ཚོགས་ལ་སྙན་གསན་ཞུ་རྒྱུའི་རིགས་གཅིག་དང་། དེ་བཞིན་མང་ཚོགས་བརྒྱུད་ནས་མང་ཚོགས་ཀྱི་བདེ་སྡུག་གི་གནས་སྟངས་རེད། དེ་བཞིན་ཤེས་ཡོན་གྱི་གནས་སྟངས་རེད། གཞིས་ཆགས་ཀྱི་གནས་སྟངས་རེད། ཉམ་ཐག་ནད་གཅོང་ལྟ་རྟོགས་མེད་མཁན་དེ་འདྲ་ཡོད་པ་ཡིན་ན་དེ་ཚོར་གཟིགས་ཞིབ་བྱ་རྒྱུ་དང་། རྩ་བའི་ས་གནས་སོ་སོར་ས་གནས་འགོ་འཛིན་རྣམ་པས་རྒྱུན་ཏུ་ནས་གཟིགས་ཞིབ་གནང་གི་ཡོད་རེད། ཡིན་ནའང་ཕྱོགས་ཚང་མ་ནས་ཞིབ་འཇུག་འདྲ་པོ་ཚད་དང་ལྡན་པ་ཞིག་ཡོང་བར་སྤྱི་འཐུས་རྣམ་པའི་ངོས་ནས་ཐད་ཀར་རྟོག་ཞིབ་གནང་ནས་གྲོས་ཚོགས་ནང་ལོགས་ལ་སྙན་སེང་ཞུ་དགོས་པ་དེ་འདྲ་དང་། གཞན་འཛིན་སྐྱོང་གི་ལྷན་ཁང་སུ་དང་སུ་ཡིན་ནའང་ཐད་ཀར་འབྲེལ་བ་བྱས་ནས་དེ་ཚོའི་ཐོག་རྟོག་ཞིབ་དང་མཇུག་སྐྱོང་བྱེད་དགོས་རྒྱུའི་ལས་འགན་དེ་འདྲ་ཡོང་གི་ཡོད་རེད། དེ་འདྲའི་ཐོག་ནས་སྤྱི་འཐུས་ས་བགོས་ཀྱི་ལས་རིམ་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད། དེ་ཚོའི་ཐོག་ལ་རྣམ་པ་ཚོས་འགན་ཁུར་བཞེས་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། དེ་གཅིག་ཞུ་རྒྱུ་ཡིན།

གཞན་ཡང་ང་ཚོས་ས་གནས་འཐུས་ཚོགས་ཁག་ལ་ཟབ་སྦྱོང་དེ་འདྲ་གནང་གི་ཡོད་རེད། སྐབས་བཅུ་དྲུག་པའི་སྤྱི་འཐུས་ལྷན་ཚོགས་སྐབས་ལ་ས་གནས་འགའ་ཤས་ལ་ཟབ་སྦྱོང་གནང་ཚར་བའི་གནས་སྟངས་ཤིག་རེད། སྐབས་ ༡༧ པའི་སྐབས་ད་ལྟ་ཉེ་ཆར་བཞུགས་སྒར་རྡ་སར་ས་གནས་འཐུས་ཚོགས་ཀྱི་ཟབ་སྦྱོང་ཞིག་གནང་བ་རེད། ཟབ་སྦྱོང་ནང་ས་གནས་འགོ་འཛིན་དང་། འབྲེལ་ཡོད་ས་གནས་རང་བདེན་ཚོགས་ཆུང་། དེ་བཞིན་ས་གནས་ནང་ཡོད་པའི་ན་གཞོན་དོ་དབྱིངས་ཡོད་མཁན་རྣམས་ཀྱང་མཉམ་ཞུགས་བྱེད་ཆོག་གི་ཡོད་རེད། ད་ལྟའི་ཆར་མན་སྤར་དང་། ཨོ་རི་ས། སྦན་ད་ར་བཅས་དབུས་གཞིས་ཆགས་ཁག་གསུམ་དང་། དེ་བཞིན་ལ་དྭགས་གཞིས་ཆགས། བལ་ཡུལ་ཕྱོགས་ཀྱི་སྤོག་ར་གཞིས་ཆགས་ཁག་དང་། རྒྱལ་སའི་ཕྱོགས་ལ་ཡོད་པའི་གཞིས་ཆགས་ཁག་བཅས་ལ་རིམ་པས་ཟབ་སྦྱོང་གནང་རྒྱུའི་ལས་འཆར་བང་བསྒྲིག་ཡོད་རེད། དེའི་རྗེས་ལ་ས་གནས་འཐུས་ཚོགས་ཟབ་སྦྱོང་གནང་ཚར་བའི་ནང་ལོགས་ལ་ས་འཐུས་གསར་པ་མང་པོ་སླེབས་བསྡད་པ་དེ་འདྲ་ཡོད་ན་ཟབ་སྦྱོང་གནང་རྒྱུའི་གོ་སྐབས་ཡོང་གི་རེད། ས་གནས་སུ་གཙོ་བོ་འགན་ཁུར་མཁན་ས་གནས་འགོ་འཛིན་རྣམ་པ་རེད། ས་གནས་འཐུས་ཚོགས་དང་། ས་གནས་རང་བདེན་ཚོགས་ཆུང་དེ་ཚོ་ཚང་མ་མཉམ་དུ་འཁྲིད་ཐུབ་དགོས་པ་དང་། ཁྲིམས་སྒྲིག་གཞི་ཡིན་ནའང་འདྲ། ས་གནས་འགོ་འཛིན་གྱི་ལས་དོན་སྟངས་འཛིན་གནང་ཕྱོགས་སོགས་ཀྱི་གོ་རྟོགས་སྤེལ་དགོས་པ་གལ་ཆེན་པོ་རེད། དེ་ཚོ་ཚགས་ཚུད་པོ་ཡག་པོ་ཞིག་ཡོང་བ་ཡིན་ན་ས་གནས་ཀྱི་ལས་དོན་རྣམས་རང་བཞིན་གྱི་ཡག་པོ་ཡོང་ཐུབ་པ། རྒྱུན་ཏུ་ནས་དབུས་ཀྱི་ལས་དོན་བྱེད་ཕྱོགས་དེ་ཚོར་རང་བཞིན་གྱི་བགྲོ་གླེང་ཉུང་བ། དུས་ཚོད་ཡིན་ནའང་ཆུད་ཟོས་མི་འགྲོ་བ། དེ་ཚོ་ཚང་མར་ཕན་ཐོགས་ཐུབ་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད། བལ་ཡུལ་ཕྱོགས་ལ་ཟབ་སྦྱོང་གནང་རྒྱུར་ས་གནས་རང་ལ་བཅར་ནས་གནང་ཐུབ་ཐབས་མེད། ང་ཚོས་སྤོག་ར་ཕྱོགས་དང་། བལ་ཡུལ་རྒྱལ་ས་བཅས་ཕྱོགས་གཉིས་འདྲ་པོ་བཟོས་ནས་རྣམ་པ་ཚོ་སི་ལི་གྷུ་རིར་གདན་འདྲེན་ཞུས་ནས་ཟབ་སྦྱོང་གནང་རྒྱུ་དང་། དེ་ཡང་མི་བརྒྱ་ལྷག་ཡོད་དུས་སྡེ་ཚན་འདྲ་པོ་གཉིས་ལ་བགོས་ནས་ཟབ་སྦྱོང་གནང་རྒྱུའི་ལས་རིམ་སྒྲིག་ཡོད་པ་རིམ་པས་ལས་འཆར་བཟོས་ཏེ་རྣམ་པ་ཚོར་འབྲེལ་བ་ཞུ་རྒྱུ་ཡིན།

དེ་ནས་ས་གནས་རང་བདེན་ཚོགས་ཆུང་ཁག་རེད། རང་བདེན་ཚོགས་ཆུང་ཁག་ཐད་ཀར་སྤྱི་འཐུས་ལྷན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པ་ཁྲིམས་དང་སྒྲིག་གཞིའི་ནང་གསལ་ཡོད་རེད། ཡིན་ནའང་ལས་དོན་བྱེད་ཕྱོགས་ལ། སྤྱི་འཐུས་རྒྱུན་ལས་ཀྱི་རྒྱུན་འབྲེལ་སྡེ་ཚན་ནས་ལམ་སྟོན་གནང་རྒྱུ་དང་། ཆག་ཡང་གནང་རྒྱུ་སོགས་དཔལ་འབྱོར་ལས་ཁུངས་དང་ལྷན་དུ་ཕྱག་ལས་གནང་བསྡད་ཡོད་རེད། སྔོན་མ་ལ་དྭགས་ལ་རང་བདེན་ཚོགས་ཆུང་ལ་ཟབ་སྦྱོང་ཞིག་སྤྲོད་དགོས་འདུག་ཟེར་ནས་དཔལ་འབྱོར་ལས་ཁུངས་ནས་སྔོན་རྩིས་དང་བཅས་པ་ཞུས་པ་རེད། མཐའ་མ་དེ་བྱུང་ཡོད་མ་རེད། དེ་ཡིན་དུས་མ་འོངས་པར་ས་གནས་རང་བདེན་ཚོགས་ཆུང་གི་ལས་དོན་བྱེད་ཕྱོགས་ལ་ཟབ་སྦྱོང་དེ་འདྲ་གནང་དགོས་པའི་གནས་སྟངས་གཟིགས་ཚེ། ས་གནས་འགོ་འཛིན་བརྒྱུད་ནས་རང་བདེན་ཚོགས་ཆུང་མཉམ་དུ་གོ་བསྡུར་གནང་སྟེ་ཡར་སྙན་སེང་གནང་ན། ང་ཚོས་ས་གནས་ཁག་སྡེ་ཚན་ཆ་བགོས་ཀྱིས་ཟབ་སྦྱོང་གནང་རྒྱུའི་ལས་རིམ་བསྒྲིག་ཐུབ་ཀྱི་རེད་བསམ་གྱི་འདུག ང་ཚོར་ལོ་ལྔ་ཙམ་མུ་མཐུད་ལས་འཆར་བང་བསྒྲིག་ཐུབ་རྒྱུའི་རོགས་ཚོགས་དེ་འདྲ་དང་འབྲེལ་བ་བྱུང་བ་རེད།  རྣམ་པ་ཚོས་ལས་རིམ་བསྒྲིག་ཐུབ་པ་ཡིན་ན་རིམ་པས་ལས་འཆར་ཡོང་གི་རེད་ཅེས་ཞུ་རྒྱུ་ཡིན། རྣམ་པ་ཚོ་བརྒྱུད་ནས་ས་གནས་རང་བདེན་ཚོགས་ཆུང་མཉམ་དུ་འབྲེལ་བ་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན།

གལ་ཆེ་བ་ཞིག་ལ་སྔོན་མ་ང་ཚོགས་གཙོ་ལོ་གཉིས་དང་ཕྱེད་ཀ་འཁྱུར་བའི་སྐབས་སུ་༧སྐྱབས་མགོན་རིན་པོ་ཆེ་གཟིམ་ཆུང་མཇལ་ཁ་ཞིག་ཞུས་པ་ཡིན། སྐབས་དེར་༧སྐྱབས་མགོན་རིན་པོ་ཆེས་ནུབ་ཕྱོགས་སུ་ང་ཚོས་བོད་ཀྱི་ཆབ་སྲིད་ཐོག་ཤུགས་གང་ཙམ་བརྒྱབ་ཡོད་པ་མ་ཟད། གྲུབ་འབྲས་ཡང་གང་ཙམ་ཐོན་ཡོད་རེད། ད་ཆ་ཨེ་ཤི་ཡའི་ནང་ཤུགས་ཆེ་ཙམ་བརྒྱབ་དགོས་ཀྱི་འདུག་ཅེས་བཀའ་ཕེབས་སོང་། དེའི་རྗེས་ལ་སྐུ་ངོ་པདྨ་འབྱུང་གནས་ཚོགས་གཙོར་ལས་འགན་ཁུར་བའི་རྗེས་ལ་༧སྐྱབས་མགོན་རིན་པོ་ཆེ་གསར་མཇལ་ཞུས་པའི་སྐབས་སུ། བོད་པ་མང་ཆེ་བ་རྒྱ་གར་ནང་གནས་ཡོད་པ་དང་། རྒྱ་གར་ནང་མངའ་སྡེའི་གྲོས་ཚོགས་དང་འབྲེལ་བ་ཤུགས་ཆེ་རུ་གཏོང་ཐུབ་ན་ཡག་པོ་འདུག་ཅེས་བཀའ་ཕེབས་འདུག དེ་ཡིན་དུས་བཀའ་ཕེབས་པ་གཞིར་བཟུང་། ས་གནས་འགོ་འཛིན་ཚང་མར་ང་ཚོས་ཡིག་ཆུང་བཏང་བ་རེད། ས་གནས་འགོ་འཛིན་རིགས་གཅིག་གིས་ཡར་ཡིག་ལན་གནང་ནས་གང་ཐུབ་འབྲེལ་བ་བྱས་པའི་གནས་སྟངས་འདྲ་པོ་ཞིག་ཆགས་འདུག འོན་ཀྱང་ནད་ཡམས་དེས་རྐྱེན་པས་ང་ཚོ་དབུས་ནས་མར་འགྲོ་རྒྱུ་དང་། རྣམ་པ་ཚོ་ས་གནས་སུ་རྒྱུག་རྒྱུས་མཚོན་པའི་ལས་དོན་སྤྱི་ཡོངས་ཚགས་ཚུད་པོ་བྱུང་ཡོད་མ་རེད། ད་ཆ་ནད་ཡམས་ཀྱི་གནས་སྟངས་ཡག་ཏུ་འགྲོ་རྒྱུའི་རེ་བ་ཆེན་པོ་འདུག བཀའ་ཤག་གསར་པ་ཕེབས་ཡོད་རེད། གྲོས་ཚོགས་གསར་པ་ཕེབས་ཡོད་རེད། ལས་འཆར་འགོ་འཛུགས་ཡོང་དུས་དེ་ཚོའི་ཐོག་ལ་ད་ལྟ་ནས་བསམ་བློའི་ནང་བང་བསྒྲིག་པ་ཡིན་ན། ལས་དོན་ཚགས་ཚུད་པོ་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་གྱི་འདུག ང་ཚོ་མི་རིང་བར་ཆབ་སྲིད་ཀྱི་ཐབས་བྱུས་ཚོགས་འདུ་ཞིག་འཚོག་རྒྱུ་ཡིན་པ་དང་། འཚོགས་ཐུབ་པ་ཡིན་ན་ང་ཚོ་གྲོས་ཚོགས་ངོས་ནས་ལས་འགུལ་གང་སྤེལ་དགོས་པ་གསལ་པོ་ཆགས་ཀྱི་རེད།  མངའ་སྡེའི་ནང་བོད་དོན་ཞུ་སྐུལ་བྱ་རྒྱུ་དེ་ཚོ་ང་ཚོའི་ལས་འགུལ་གྱི་ཆ་ཤས་ཤིག་རེད། ས་གནས་འགོ་འཛིན་རྣམ་པ་དང་ལྷན་འབྲེལ་བ་བྱས་ནས་ལས་འགུལ་དེ་དག་ཚགས་ཚུད་རུ་ཇི་ལྟར་གཏོང་དགོས་པ་གལ་ཆེན་པོ་ཆགས་ཀྱི་འདུག གྲོས་ཚོགས་ཀྱི་ལས་རིམ་ཞེས་ཟུར་དུ་ཞུ་རྒྱུ་མི་འདུག དེ་ཚོ་ཚང་མ་བོད་བསྟན་སྲིད་ཀྱི་ཆེད་དུ་ལས་དོན་གལ་ཆེན་པོ་ཤ་སྟག་རེད། དེ་ཚོ་ཚང་མར་ཕྱར་གྲུ་མཉམ་འདེགས་དང་། ནུས་པ་མཉམ་སྤུངས། ལས་འགུལ་ཚགས་ཚུད་རུ་ཡོང་ཐུབ་རྒྱུའི་ཐུགས་འགན་བཞེས་རོགས་གནང་ཞེས་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་།

དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་དོན། བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་ནང་ལོགས་ལ། གཙོ་བོ་བོད་དོན་བདེན་མཐའ་གསལ་ཐབས་དང་། བོད་ཀྱི་ཁོར་ཡུག་གི་གནད་འགག རྒྱ་ཆེའི་མང་ཚོགས་ཀྱི་བདེ་སྡུག་སེལ་དགོས་པ་དེ་ང་ཚོའི་འགན་ཆགས་ཀྱི་ཡོད་རེད། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ཡིས་རྐྱེན་པས་རྒྱལ་སྤྱིའི་ཐོག་རྒྱ་ནག་ཐོག་ལ་ལྟ་སྟངས་སྡུག་ཏུ་འགྲོ་བཞིན་ཡོད་དུས། དེ་བེད་སྤྱོད་གཏོང་དགོས་ཀྱི་འདུག་ཅེས་པ་དེ་ཚང་མ་ལོགས་ཀྱི་ཞལ་རྒྱུན་ལ་ཡོད་པ་རེད། དཔལ་ལྡན་སྲིད་སྐྱོང་མཆོག་ས་གནས་ཁག་ལ་འཚམས་གཟིགས་ཕེབས་ནས་བོད་མིའི་ཞུ་གཏུག་གི་ལས་འགུལ་དེ་ཤུགས་ཆེ་རུ་གཏོང་གི་ཡིན་ཞེས་གལ་ཆེན་པོ་བྱས་ནས་གསུང་གི་ཡོད་དུས། དེའི་གཞོགས་འདེགས་སུ་གྲོས་ཚོགས་ཀྱི་ཐོག་ནས་སྤྱི་འཐུས་རྣམ་པ་ས་གནས་སུ་ཕེབས་པའི་སྐབས་ལ་ལམ་སེང་ཆབ་སྲིད་མི་སྣ་དང་། གནད་ཡོད་མི་སྣ་མཇལ་འཕྲད་གནང་རྒྱུ་ཁག་པོ་ཆགས་ཀྱི་ཡོད་དུས། རྣམ་པ་ཚོས་སྤྱི་འཐུས་རྣམ་པ་ས་གནས་སུ་ཕེབས་པའི་སྐབས་ཆབ་སྲིད་མི་སྣ་དང་། གནད་ཡོད་མི་སྣ་དེ་ཚོར་ཐུག་འཕྲད་ཀྱི་ལས་རིམ་གང་མང་བཟོ་དགོས་པ་དེ་གནད་འགག་ཆགས་ཀྱི་འདུག གང་ཡིན་ཟེར་ན་རྒྱ་ནག་གིས་བྱེད་སྟངས་དེས་རྒྱ་གར་མི་མང་གི་སེམས་ནང་ལ་ན་ཟུག་ཅིག་བསླེབས་ཡོད་དུས། དེ་ང་ཚོས་དུས་ཚོད་དམ་འཛིན་བྱེད་ཐུབ་དགོས་པ་དེ་ཆབ་སྲིད་ཀྱི་གནད་འགག་ཅིག་ཆགས་བསྡད་ཀྱི་ཡོད་རེད། ས་གནས་སུ་ས་གནས་འགོ་འཛིན་རྣམ་པ་དང་། ས་གནས་འཐུས་ཚོགས། རང་བདེན་ཚོགས་ཆུང་། མཉམ་འབྲེལ་གྱི་འགན་ཁྱེར་མཁན་བཅས་ཡོད་པ་དང་། ཚང་མ་མཉམ་རུབ་ཐོག་ནས་ཕྱག་ལས་ཤིག་གནང་དུས་ས་གནས་རྒྱ་གར་དཔོན་རིགས་ཚོ་དང་ལྷན་མཇལ་གྱི་ཡོད་རེད། སྐབས་རེ་ཆབ་སྲིད་མི་སྣར་གནད་དོན་ཐོག་ནས་འབྲེལ་བ་བཞག་པ་དེ་དག་ང་ཚོས་བེད་སྤྱོད་བྱེད་ཐུབ་པ་ཞིག་གནང་དགོས། མ་འོངས་པར་ང་ཚོ་གྲོས་ཚོགས་ངོས་ནས་གྲོས་ཚོགས་ནང་ས་གནས་ཁག་གི་རྒྱ་གར་གནད་ཡོད་མི་སྣ་དེ་འདྲ་གདན་འདྲེན་ཞུ་རྒྱུའི་ལས་རིམ་དེ་འདྲ་བཟོ་རྒྱུ་ཡིན།

དེའི་སྐབས་སུ་རྣམ་པ་ཚོས་ས་གནས་ཀྱི་གནད་འགག་ཡོད་པའི་མི་སྣ་རྣམས་གྲོས་ཚོགས་འཚོགས་པའི་སྐབས་སུ་གདན་ཞུས་གནང་ཐུབ་པ་བཟོ་དགོས་རྒྱུ་དང་། དེ་ཡང་ཐོག་མར་རྡ་ས་ནས་འགོ་བཙུགས་ནས་ས་གནས་གནད་ཡོད་མི་སྣ་རྣམས་ལ་ཆེ་མཐོང་འབུལ་རྒྱུ། ང་ཚོས་དབུས་ལ་ཡོད་པའི་གྲོས་ཚོགས་དེ་རྡ་སའི་གནད་ཡོད་མི་སྣས་གཙོས་པའི་ས་གནས་ཁག་གི་གནད་ཡོད་མི་སྣས་མཐོང་རྒྱུ་ཡོད་པ་ཞིག་དང་། དེ་མཐོང་བའི་ཐོག་ནས་བོད་ཀྱི་གནད་དོན་ཞུ་གཏུག་གི་ལས་འགུལ་དབུ་འཛུགས་གནང་རྒྱུ། དེ་ཚོའི་ཐོག་དམ་འཛིན་བྱེད་དགོས་པ་གལ་ཆེན་པོ་རེད། རྣམ་པ་ཚོ་ས་གནས་སུ་མར་ཕེབས་པའི་རྗེས་ས་གནས་ཀྱི་ཆབ་སྲིད་མི་སྣ་རྣམས་དང་ལྷན་འབྲེལ་བ་བཞག་ནས་སྤྱི་འཐུས་ཚོ་ཕེབས་པའི་སྐབས་སུ་དེ་དག་དང་ལྷན་འབྲེལ་བ་བྱེད་ཐུབ་དགོས་པ་བཟོ་རྒྱུ་དང་། མ་འོངས་པར་གྲོས་ཚོགས་ནང་གདན་འདྲེན་ཞུ་ཆོག་ཆོག་བཟོ་དགོས་པ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན་ཞེས་གསུངས་གནང་ཡོད་པ་བཅས། །