དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་མདོ་ཁམས་ཡུལ་ཤུལ་སྐྱིད་སྡུག་ཚོགས་པ་དབུ་བརྙེས་པའི་མཛད་སྒོའི་སྐུ་མགྲོན་དུ་ཕེབས་པ།

IMG_4820

ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༧ ཉིན་བོད་མདོ་ཁམས་ཡུལ་ཤུལ་གྱི་སྐྱིད་སྡུག་ཚོགས་པ་གསར་དུ་དབུ་བརྙེས་པའི་མཛད་སྒོ་རྡ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ་དེ་ཉིན་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་ཚོགས་ཡོད། དེ་ཡང་མཛད་སྒོའི་སྐབས་སུ་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དམིགས་བསལ་སྐུ་མགྲོན་ཚོགས་གཞོན་ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་མཆོག སྤྱི་འཐུས་རྒྱུན་ལས་ཁག་དང་ཚོགས་པ་ཁག་གི་སྐུ་མགྲོན་རྣམས་ལྷན་འཛོམས་གནང་འདུག མཛད་སྒོའི་ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་མར་མེ་ཞལ་འབྱེད་དང་མཇལ་དར་སྒྲོན་གནང་སྟེ། སྐུ་མགྲོན་དང་མི་མང་རྣམས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་འབུལ་ནས་བོད་དོན་དུ་རང་གི་རྩ་ཆེའི་ལུས་སྲོག་བློས་གཏོང་གནང་མཁན་དང་། གཞིས་བཞུགས་རྒྱལ་གཅེས་དཔའ་བོ་དཔའ་མོའི་སྙིང་སྟོབས་ཡིད་ལ་དྲན་བཞིན་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཆེད་ངག་བཅད་ཀྱི་གུས་འདུད་སྐར་མ་གཅིག་རིང་ཞུས། དེ་ནས་ཚོགས་པ་གསར་དུ་དབུ་བརྙེས་པའི་བཀྲ་ཤིས་པའི་རྟེན་འབྲེལ་མཚོན་ཆེད་གསོལ་ཇ་འབྲས་བསིལ་འདེགས་འབུལ་གནང་ཡོད། ཡུལ་ཤུལ་སྐྱིད་སྡུག་ཚོགས་པའི་དྲུང་ཆེ་ཨ་ཅཱ་རྱ་ངག་དབང་བློ་གྲོས་ལགས་ནས་མཛད་རིམ་ངོ་སྤྲོད་གནང་སྟེ། ཚོགས་པའི་ཚོགས་གཙོ་བློ་བཟང་ཆོས་རྗེ་ལགས་ནས་ཚོགས་པ་གསར་དུ་བཙུགས་པའི་བརྒྱུད་རིམ་ཐོག་བཀའ་སློབ་ཐུང་ཙམ་གནང་།

IMG_4839

དེ་རྗེས་མཁས་དབང་དགེ་བཤེས་འཇིགས་མེད་རབ་བརྟན་ལགས་ནས་ཚོགས་པའི་ལོ་རྒྱུས་དང་། དེ་ཡང་ཡུལ་ཤུལ་ཞེས་པ་དེ་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་ཆགས་རབས། ད་ལྟའི་ཡུལ་ཤུལ་གྱི་ས་ཁྱོན་གང་འདྲ་ཡིན་མིན་སོགས་ཀྱི་ཐོག་གསུང་བཤད་གནང་ཡོད། དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་ནས་གསུངས་དོན། མདོ་ཁམས་ཡུལ་ཤུལ་སྐྱིད་སྡུག་གི་ཚོགས་པ་གསར་དུ་འཛུགས་ཐུབ་པ་ལ་རྗེས་སུ་ཡིད་རངས་དང་། ཚོགས་པ་གང་འདྲ་ཞིག་ཡིན་རུང་འཕྲལ་ཕུགས་གཉིས་ཀར་ཕན་པའི་དམིགས་ཡུལ་ངེས་ཅན་ཞིག་བཟུང་ནས་ད་ལྟ་ང་ཚོའི་གནས་བབ་སྐྱབས་བཅོལ་བ་ཞིག་ཡིན་པ་མ་ཟད། བོད་ནང་ལ་སྐད་ཡིག་དང་། རིགས་གཞུང་སོགས་གང་ཅིའི་ཐད་ལ་རང་དབང་མེད་པས་ང་ཚོས་དེ་དག་ལ་གདོང་ལེན་གནང་ནས་རང་རེའི་རྩ་ཆེའི་སྐད་ཡིག་དང་རིགས་གཞུང་སོགས་ལ་སྲུང་སྐྱོབ་ཀྱིས་ལས་དོན་གནང་དགོས་པ་ནི་གལ་ཆེ་ཡིན། དེ་བཞིན་ཚོགས་པའི་དཔལ་འབྱོར་གྱི་གནས་སྟངས་ཕྱི་གསལ་ནང་གསལ་དང་མི་སྣ་ཚད་ལྡན་སྐྱེད་སྲིང་བྱེད་དགོས་པ་སོགས་གསུངས་གནང་ཡོད་པ་རེད། དེ་ནས་དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཚོགས་གཞོན་མཆོག་ནས་གསུང་བཤད་གནང་དོན་དུ། བར་ལམ་ཞིག་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་ ༢ པའི་དོན་ཚན་ ༡༢ པའི་ནང་གསེས་ ༡༠ ལྟར་དགོངས་དོན་བཞིན་ཚོགས་པ་དང་སྒྲིག་འཛུགས་ཁག་གསར་འཛུགས་གནང་གི་ཡོད་པ་ནི་ཧ་ཅང་གི་ཡག་པོ་རེད། ཡིན་ཀྱང་སྒྲིག་འཛུགས་ཆེ་ཆུང་ལ་མ་ལྟོས་པར་སྒྲིག་གཞི་གཞི་བཟུང་ཕྱག་ལས་གནང་ཡག་གལ་ཆེན་པོ་ཡིན་པ་གསུངས་ཞིང་། གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་གཞི་བཟུང་དབུ་འོག་དཔུང་འདེགས་གནང་དགོས་པ་མ་ཟད། སྒྲིག་འཛུགས་གསར་འཛུགས་ཙམ་མ་ཡིན་པར་ཚོགས་མི་ཕན་ཚུན་འཆམ་མཐུན་དང་ལས་དོན་མཉམ་རུབ་ཀྱི་རྒྱུན་གནས་དང་ཚགས་འཚུད་གནང་དགོས་པ་སོགས་ཀྱི་སྐོར་གསུང་བཤད་སྙིང་བསྡུས་ཤིག་གསུང་གནང་། མཇུག་ཏུ་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་ལ་ཕྱག་རྟགས་འབུལ་ནས་ཡུལ་ཤུལ་ཚོགས་པའི་ཚོགས་གཞོན་ཐུབ་བསྟན་འཕེལ་རྒྱས་ལགས་ནས་ཐུགས་རྗེ་ཆེ་ཞུས་ཀྱིས་གསུང་བཤད་གནང་སྟེ། མདོ་ཁམས་ཡུལ་ཤུལ་སྐྱིད་སྡུག་ཚོགས་པའི་རྒྱུན་ལས་རྣམས་དང་སྐུ་པར་སྒྲོན་ནས་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པའི་གནས་ཚུལ་དུ།།
IMG_4844

Menu