དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་འགན་འཛིན་མཆོག་དང་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༨ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༡༥ ཙམ་ལ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་འགན་འཛིན་སྐུ་ཞབས་སེ་མུལ་ བྷ་རོན་བྷེག་ (Samuel D. Brownback, the US Ambassador at large for International Religious Freedom) མཆོག་གིས་གཙོས་འབྲེལ་ཡོད་ལས་བྱེད་མི་སྣ་ལྔ་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་། དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྣམ་གཉིས་ནས་ཚོགས་གཙོའི་ལས་ཁུངས་སུ་སྣེ་ལེན་མཇལ་འཕྲད་གནང་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་རྣམ་གཉིས་ནས་ཨ་རིའི་གཞུང་མང་གཉིས་ནས་ད་བར་ལོ་ངོ་དྲུག་ཅུའི་རིང་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་གཞིས་ལུས་བོད་མི་སེར་སྐྱ་རྒན་གཞོན་དབྱེར་མེད་གྲངས་ ༡༥༣ གྱིས་བོད་ཀྱི་རྩ་དོན་ཆེད་རང་ལུས་མེར་བསྲེགས་ཕུལ་བའི་སྐོར་དང་། གཞིས་ལུས་བོད་མི་ཚོ་བོད་ཀྱི་ཕྱི་ལོགས་ཙམ་མ་ཟད་ནང་ཁུལ་ལའང་འགྲོ་བསྐྱོད་རང་དབང་མེད་པ། དེ་བཞིན་རྒྱ་དམར་གཞུང་གིས་གཞིས་ལུས་བོད་མི་ཚོར་བཙན་དབང་ཐོག་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྐྱོན་བརྗོད་བྱས་ན་མ་གཏོགས་ལས་ཀའི་གོ་སྐབས་སྤྲོད་ཀྱི་མེད་སྐོར། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལ་སོགས་བོད་ཀྱི་ཆབ་སྲིད་བཙོན་པ་མང་དག་ཅིག་རྒྱའི་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་འོག་འདས་གྲོངས་སུ་ཕྱིན་ཡོད་པ། མདོར་ན་བོད་ཡུལ་འདི་ཉིད་རྒྱ་ནག་དམར་པོའི་འོག་གཡུལ་ས་ (War Zone) ལྟ་བུར་བསྒྱུར་ཡོད་སྐོར་སོགས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་།

ཉེ་ཆར་འཚོགས་པའི་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པའི་ཐོག་བཞག་པའི་གྲོས་ཆོད་དང་། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པའི་ཐོག་བཞག་པའི་རི་ག་སྤྱི་བསྒྲགས་ (Riga Declaration) དང་། རི་ག་ལག་བསྟར་འཆར་གཞི་ (Riga Action Plan) སོགས་ཀྱི་སྐོར་གསུངས་གནང་བ་མ་ཟད།

སྐུ་ཞབས་ཁོང་གིས་བོད་དོན་དང་འབྲེལ་བའི་དྲི་བ་བཏང་གནང་བ་ཁག་ལ་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། དེ་ནས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་དང་ལྷན་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་ཕེབས་གནང་ཡོད་པ་བཅས། །