དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་དང་སྤྱི་འཐུས་རྒྱུན་ལས་རྣམ་པས་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་མཆོག་དང་མཇལ་འཕྲད་གནང་བ།

༄༅། ། ཧི་མ་ཅཱལ་མངའ་སྡེའི་སྲིད་གཞུང་གསར་པ་དང་སྤྱི་ཁྱབ་བློན་ཆེན་མཆོག་ལ་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུ་སླད། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༣༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༨།༣༠ ཐོག་རྡ་ཤོད་དུ་ཧི་མ་ཅཱལ་མངའ་གཞུང་གི་མགྲོན་ཁང་ (Circuit House) ནང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་བཅས་ནས་རྒྱ་གར་བྱང་ཕྱོགས་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇ་ཡཱ་རཱམ་ཐཱ་ཀུར་ (Shri Jai Ram Thakur) མཆོག་དང་མཇལ་འཕྲད་གནང་ཡོད།

དེ་ཡང་ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་མཇལ་དར་དང་སྤྱན་རས་གཟིགས་ཀྱི་སྐུ་ཐང་ཞིག་ཕྱག་རྟགས་སུ་ཕུལ་གནང་བ་དང་། ཕྱོགས་མཚུངས་དཔལ་ལྡན་ཚོགས་གཞོན་མཆོག་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གཙོས་བློན་ཆེན་གཞན་ཁག་ཅིག་ལ་སྤྱི་འཐུས་ལྷན་ཁང་ནས་པར་བསྐྲུན་ཞུས་པའི་བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་དཔེ་དེབ་ཁག་ངོ་སྤྲོད་དང་སྦྲགས་ཕུལ་གནང་ཡོད།

དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་ནས་སྤྱི་འཐུས་རྣམ་པ་ངོ་སྤྲོད་གནང་རྗེས། རྒྱ་གར་དབུས་སའི་གཞུང་དང་མི་མང་གཉིས་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། འབྱུང་འགྱུར་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་གནང་ཡོད། དེ་བཞིན་མ་འོངས་པར་ཧི་མ་ཅཱལ་མངའ་སྡེའི་དགུན་དུས་གྲོས་ཚོགས་འཚོགས་སྐབས། གྲོས་ཚོགས་འཐུས་མི་སྤྱི་ཡོངས་ལ་འཚམས་འདྲི་ཞུ་རྒྱུའི་གོ་སྐབས་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་ཡོད།

མཇལ་འཕྲད་སྐབས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ནས་དེ་རིང་དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་གཙོས་སྤྱི་འཐུས་རྣམ་པ་འདིར་འཚམས་འདྲི་ཞུ་བར་ཕེབས་པར་དགའ་སྤྲོའི་ཆེན་པོའི་ངང་ཐུགས་རྗེ་ཆེ་ཞུས་པ་དང་། ཆབས་ཅིག་མ་འོངས་པར་བོད་མི་རྣམས་ལ་མཐུན་འགྱུར་དང་བོད་དོན་ཐོག་རྒྱབ་སྐྱོར་གང་ཐུབ་གནང་རྒྱུའི་ཞལ་བཞེས་གནང་ཡོད། ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཚོགས་སྐབས་སྤྱི་ཁྱབ་བློན་ཆེན་མཆོག་ཆེད་ཕེབས་གནང་རྒྱུའི་ཞལ་བཞེས་བཟང་པོ་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ། །

 

Menu