དཔལ་ལྡན་ཚོགས་གཙོ་མཆོག་གིས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་དབུ་བརྙེས་ནས་ལོ་ངོ་ ༡༥ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༩ པའི་ཚེས་ ༡༦ ཉིན་རྡ་ས་མེག་གྷན་བོད་ཀྱི་ཟློས་གར་ཚོགས་ཁང་དུ་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་དབུ་བརྙེས་ནས་ལོ་ངོ་ ༡༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་།

སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག གཞན་སྐུ་མགྲོན་དུ་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་མཆོག དེ་བཞིན་སྤྱི་ཟུར་དང་། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་སྣེ་རྣམ་པ། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དབུས་ས་གཉིས་ཀྱི་ཚོགས་གཙོ་གཙོས་པའི་ཚོགས་མི་རྒྱུན་ལས་རྣམ་པ་བཅས་ཕེབས་འདུག

མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་དོན།          རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་འདི་ཐོག་མར་བཙུགས་དགོས་པའི་དམིགས་ཡུལ་ནི། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞིའི་འོག བོད་རྒྱའི་དཀའ་རྙོག་དེ་བཞིན་ཞི་བའི་ཐོག་འགྲིག་ཐབས་ཡོང་ཐབས་དང་། རྒྱ་ནག་དང་བོད་མི་རིགས་དབར་འདྲ་མཉམ་ཐོག་ནས་ཐག་གཅོད་ཅིག་ཡོང་རྒྱུར་མང་གཙོའི་བརྒྱུད་རིམ་ཐོག་ནས་སྲིད་བྱུས་གཏན་འབེབས་བྱས་པ་གཞིར་བཟུང་གཞུང་འབྲེལ་གྱི་སྲིད་བྱུས་ཤིག་ཆགས་བསྡད་ཡོད་པ་དེར་མཐུན་འགྱུར་རྒྱབ་སྐྱོར་ཟེར་ནའང་འདྲ། དེའི་ལངས་ཕྱོགས་དང་མཐུན་པའི་ཐོག་ནས་གོ་རྟོགས་སྤེལ་རྒྱུའི་ཆེད་བཙུགས་བསྡད་པ་ཞིག་ཆགས་བསྡད་ཡོད་རེད། ད་བར་ཚོགས་པ་འདིའི་ནང་རྒྱུན་ལས་རིམ་པས་ཕྱག་ལས་གནང་ཡོད་རེད་ལ། མ་འོངས་པར་ཡང་དེ་ལྟར་ཡོང་གི་རེད་བསམ་གྱི་ཡོད།

གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྲིད་བྱུས་ཤིག་ཆགས་བསྡད་ཀྱི་ཡོད། དེའི་སྒྲོམ་གཞི་འདྲ་པོ་དེ་གང་རེད་ཟེར་ན། ད་ལྟའི་རྒྱ་དམར་གཞུང་གི་དབང་བསྒྱུར་དང་བོད་ཀྱི་ས་ཁྱོན་ཆ་བགོས་བྱས་པའི་གནས་བབ་དེར་ཁས་ལེན་བྱེད་ཐུབ་ཀྱི་མེད་པ་དང་། བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་རང་བཙན་ཡིན་པ། འོན་ཀྱང་ང་ཚོས་ད་ཆ་རང་བཙན་རྩོད་ལེན་བྱེད་ཀྱི་མེད་པ། མཐའ་གཉིས་སུ་མ་ལྷུངས་པའི་ཐོག་ནས་འགྲིག་ཐབས་ཡོང་རྒྱུའི་སྲིད་བྱུས་ཤིག་ཆགས་བསྡད་ཡོད་རེད། དེ་ལ་ཕྱོགས་གསུམ་ཙམ་ལ་དགོངས་པ་བཞེས་རྒྱུ་དང་གོ་རྟོགས་སྤེལ་རྒྱུ་གལ་ཆེན་པོ་ཆགས་བསྡད་ཡོད་རེད། ཕྱོགས་གཅིག་ནས་རྒྱ་ནག་དང་རྒྱ་མི་རིགས་ལ་ཁེ་ཕན་གང་ཡོད་མེད། ཕྱོགས་གཉིས་ནས་བོད་དང་བོད་མིར་ཁེ་ཕན་གང་ཡོད་མེད། ཕྱོགས་གསུམ་པར་ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཁེ་ཕན་གང་ཡོད་མེད་བཅས་ཀྱི་ཐོག་ལ་དགོངས་པ་བཞེས་དགོས་པ་ཆགས་བསྡད་ཡོད། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ནང་འགྱུར་བ་ཤུགས་ཆེན་པོ་འགྲོ་གི་ཡོད་པ་དང་། ཆབ་སྲིད་ལངས་ཕྱོགས་མཐུན་པ་རྣམ་པས་མཉམ་སྦྲེལ་གྱི་ཚོགས་པ་མང་པོ་ཞིག་བཙུགས་ཀྱི་ཡོད་རེད། དཔེར་ན། རྒྱ་གར་དང་། ཨོ་སི་ཀྲོ་ལི་ཡ། ཉི་འོང་། ཨ་རི་བཅས་རྒྱལ་ཁབ་བཞིས་ (QUAD) ཞེས་པའི་ཚོགས་པ་ལྟ་བུ་མང་པོ་ཞིག་ཡོང་གི་ཡོད་རེད། དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་གྲུབ་འབྲས་མངོན་དུ་གྱུར་བ་ཡིན་ན། དེས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཐུགས་ཕན་གང་གསོ་ཐུབ་ཀྱི་རེད་ཟེར་བ་འདྲ་པོ་དེ་ཚོའི་གྲས་ལ་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་ཆགས་བསྡད་ཡོད་རེད། ང་ཚོའི་སྤྱི་ཚོགས་ནང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་མ་ཐོབ་པ་དང་། ང་ཚོའི་ངོས་ནས་འཐུས་ཤོར་ཕྱིན་པའི་གནས་བབ་གང་ཡང་ཡོང་གི་ཡོད་མ་རེད། ད་ལྟའི་ཆར་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱབ་སྐྱོར་མ་ཐོབ་པ་ཡང་ཡོང་གི་ཡོད་མ་རེད། ཡིན་ནའང་། ང་ཚོས་སྲིད་བྱུས་དེ་འཛིན་དགོས་པའི་རྒྱུ་མཚན་དེ། ད་ལྟའི་རྒྱ་ནག་དམར་གཞུང་གིས་སྲིད་བྱུས་འཛིན་སྟངས་ཀྱི་གནས་བབ་ལ་བལྟས་ནས་ཡོང་བ་ཞིག་ཡིན་དུས། ང་ཚོས་དེ་དང་ཕན་ཚུན་གྲོས་མོལ་བྱས་ནས་ཞི་འགྲིག་ཡོང་ཐབས་བྱ་རྒྱུ་དེ་དམིགས་ཡུལ་གཙོ་བོ་ཆགས་བསྡད་ཡོད་རེད། དེ་ཡོང་ཐབས་སུ་ང་ཚོས་གང་བྱེད་དགོས་ཀྱི་འདུག་ཟེར་བའི་གནས་བབ་གཅིག་ཆགས་བསྡད་ཡོད་རེད། དེ་ཡིན་དུས། མ་འོངས་པར་ཡིན་ནའང་། བོད་མིའི་སྒྲིག་འཛུགས་ངོས་ནས་སྔར་བཞིན་དེའི་ཐོག་ཕྱག་ལས་གནང་གི་རེད། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་སྤྱི་དང་། ལྷག་པར་དུ་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཐོག་ནས་དེ་ཚོའི་ཐོག་ལ་རྣམ་དཔྱོད་བཏོན་ནས་ཕྱག་ལས་གནང་ཐུབ་པ་ཡིན་ན། ཏན་ཏན་ཐུགས་ཕན་གསོ་ཡི་རེད་བསམ་གྱི་ཡོད།

དེ་བཞིན་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་ང་ཚོའི་འདས་པའི་ལོ་རྒྱུས་ཀྱི་གནས་བབ་ལ་དོ་ཕོག་གང་ཡང་འགྲོ་ཡི་མེད་པ་མ་ཟད། མ་འོངས་པའི་བོད་མིའི་མདུན་ལམ་ལའང་དོ་ཕོག་གང་ཡང་འགྲོ་ཡི་ཡོད་མ་རེད། དངོས་ཡོད་གནས་ཚུལ་གྱི་ཐོག་ནས་ཞི་འགྲིག་ཅིག་ཡོང་བ་ཡིན་ན། དེ་ཧ་ཅང་གི་མདུན་ལམ་ཆེན་པོ་ཡོད་པའི་གནས་བབ་ཅིག་ཆགས་བསྡད་ཡོད་རེད། དེ་ཡིན་དུས། ང་ཚོའི་སྤྱི་ཚོགས་ནང་རང་བཙན་གྱི་ལྟ་གྲུབ་ཡོད་མཁན་ཡོད་རེད་ལ། རང་བཙན་གྱི་སྒྲིག་འཛུགས་ཀྱང་ཡོད་པ་རེད། རྣམ་པ་ཚོས་གོ་རྟོགས་སྤེལ་བ་དང་ཆབས་ཅིག རྣམ་པ་ཚོ་ནང་ཁུལ་ཕན་ཚུན་བགྲོ་གླེང་ཡོང་ཐུབ་རྒྱུའི་འབད་བརྩོན་ཞུས་ན་ཏན་ཏན་ཐུགས་ཕན་གསོ་ཡི་རེད་བསམ་གྱི་འདུག ང་ཚོའི་སྤྱི་ཚོགས་དེ་མི་རེ་གཉིས་དང་། སྤྱི་ཚོགས་ཕྱོགས་སུ་ལྷུངས་བའི་གནས་བབ་ཀྱི་ཐོག་ནས་ཐག་གཅོད་བྱེད་ཐུབ་ཀྱི་མ་རེད། སྤྱི་ཚོགས་སྤྱི་ཡོངས་ཀྱི་ཐོག་ལ་དགོངས་པ་བཞེས་དགོས་པའི་གནས་བབ་ཅིག་ཆགས་བསྡད་ཡོད་རེད། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་བྱུང་རིམ་ལ་བལྟས་པ་ཡིན་ན། ཕྱི་ལོ་ ༡༩༧༤ ཙམ་ནས་༧རྒྱལ་བ་རིན་པོ་ཆེའི་དགོངས་པ་འཁྲུངས་ཡོད་པ་དང་། དེ་ནས་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན། བཀའ་ཤག འབྲེལ་ཡོད་མཁྱེན་རྒྱ་ཡོད་མཁན་ཚང་མར་བཀའ་བསྡུར་གནང་སྟེ་མཐའ་མར། ཕྱི་ལོ་ ༡༩༩༧ ལོར་གྲོས་ཚོགས་ནས་གྲོས་ཆོད་ཀྱི་ལམ་ནས་གཏན་ལ་ཕབ་ནས་ཡར་༧རྒྱལ་བ་རིན་པོ་ཆེར་སྙན་སེང་ཞུས་རྗེས། ལོ་རྗེས་མ་དེར་༧རྒྱལ་བ་རིན་པོ་ཆེའི་གསུམ་བཅུའི་དུས་དྲན་གྱི་གསུང་བཤད་ནང་ལོགས་ལ། ང་ཚོ་བོད་རྒྱའི་འཐབ་རྩོད་དེ་འགྱོད་པ་མེད་པ་ཞིག་བྱེད་ཐུབ་དགོས་པ་ཞིག་སྟེ། དངོས་ཡོད་ཀྱི་གནས་སྟངས་ལ་དཔག་པའི་ཐག་གཅོད་ཅིག་ཡོང་ཐུབ་དགོས་པ་གལ་ཆེན་པོར་གཟིགས་ནས་མུ་མཐུད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་གནང་རྒྱུ་དང་། རྒྱ་ནག་དང་ལྷན་འབྲེལ་བ་མཐུད་ཐུབ་རྒྱུའི་ཐབས་ཤེས་གནང་གི་ཡིན་ཞེས་ཞལ་བཞེས་གནང་བའི་སྐོར་གསུང་བཤད་ནང་གསལ་པོར་བཀོད་ཡོད་རེད། དེ་ནང་བཞིན་ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་རེད། གྲོས་ཚོགས་རེད། ང་རང་ཚོ་ལོ་གཅིག་ལ་གཞུང་འབྲེལ་དུས་དྲན་སྲུང་བརྩི་ཞུ་བཞིན་པ། གསུམ་བཅུའི་དུས་དྲན་དང་། ༧སྐུའི་འཁྲུངས་སྐར། མང་གཙོའི་དུས་ཆེན། ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཉིན་མོ་བཅས་མི་འདྲ་བ་བཞི་ཡོད་པ་རེད། དེ་ཚོ་ཚང་མའི་གྲོས་ཚོགས་ཀྱི་གསུང་བཤད་ནང་ལོགས་ལ། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དང་མཐུན་པའི་ཐོག་ནས་བོད་རྒྱ་གཉིས་དབར་ཞི་འགྲིག་ཡོང་ཐུབ་རྒྱུར་རྒྱ་གཞུང་ནས་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་ཡིན་པའི་སྐོར་བཀོད་ཀྱི་ཡོད་པ་རེད། རྒྱ་གཞུང་གི་ཕྱོགས་ནས་རྒྱ་ནག་མི་རིགས་ཆེན་པོའི་སྲིད་བྱུས་འཛིན་བཞིན་པ་དེ་ཤུགས་ཆེ་རུ་འགྲོ་བཞིན་པ་དང་། དེ་བཞིན་གྲངས་ཉུང་མི་རིགས་རྣམས་ལ་རྒྱ་བསྒྱུར་གྱི་སྲིད་བྱུས་ཤུགས་ཆེ་རུ་གཏོང་རྒྱུའི་འབད་བརྩོན་སྔར་ལྷག་བྱེད་ཀྱི་ཡོད་ཀྱང་། ང་ཚོའི་ངོས་ནས་༧རྒྱལ་བ་རིན་པོ་ཆེའི་དགོངས་པ་གཞིར་བཟུང་གཞུང་འབྲེལ་ཐོག་གཏན་ལ་ཕབ་པའི་སྲིད་བྱུས་ཐོག་ནས་ཐག་གཅོད་ཅིག་ཡོང་དགོས་ཀྱི་འདུག་ཅེས་དུས་རྒྱུན་དུ་གཞུང་འབྲེལ་གྱི་གསུང་བཤད་ཁག་ནང་བྲིས་བསྡད་ཀྱི་ཡོད་རེད། གཞན་ཡང་ང་ཚོས་བོད་དོན་ཞུ་སྐུལ་བྱེད་དུས་ཡིག་ཐོག་ནས་གསལ་པོར་བཀོད་དེ་འབྲེལ་ཡོད་ཚང་མར་དེ་འབྲེལ་སྐོར་སྙན་སེང་ཞུ་ཡི་ཡོད་རེད། ཡིན་ནའང་། ༡༩༩༧ ནས་ད་ལྟ་བར་བརྩིས་པ་ཡིན་ན་ལོ་ཉི་ཤུ་རྩ་གྲངས་ཤིག་འགྲོ་ཡི་འདུག ཁ་ཡོད་ལག་ཡོད་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ནས་བོད་རྒྱ་འབྲེལ་མོལ་ཡོང་ཐུབ་རྒྱུའི་བཟང་ཕྱོགས་ཀྱི་ཁོར་ཡུག་ཅིག་ད་བར་ཡོང་ཐུབ་ཀྱི་ཡོད་མ་རེེད། དེ་མ་ཡོང་བའི་རྒྱུ་མཚན་རྩད་གཅོད་བྱས་ནས་ལས་འགུལ་གང་སྤེལ་རྒྱུ་ཡོད་མེད་ཐོག་ཚང་མས་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག

དེ་བཞིན་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་བ་ཡིན་ན། ༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་རེད། ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་རེད། རྒྱ་ཆེའི་མང་ཚོགས་ངོས་ནས་ཀྱང་རྒྱབ་སྐྱོར་ཆ་ཚང་ཡོད་རེད། ཡིན་ནའང་། རྒྱ་གཞུང་གི་སྲིད་བྱུས་འཛིན་སྟངས་ལ་བལྟས་པ་ཡིན་ན། བོད་ས་མ་ཤོར་བའི་གནས་བབ་དང་། ཕྱི་ལོ་ ༡༩༥༡ ལོར་ཆིངས་ཡིག་དོན་ཚན་བཅུ་བདུན་ཞེས་པ་བཙན་དབང་ཐོག་བཞག་བཅུག་པ་རེད། དེའི་རྗེས་ལོ་བརྒྱད་རིང་མེར་འཚིག་མེར་གཏུག་གིས་རྒྱ་གཞུང་དང་མཉམ་གནས་བྱས་ནས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་རྒྱུར་འབད་བརྩོན་བྱས་ཡོད་ཀྱང་དེ་ལམ་ལྷོངས་བྱུང་ཡོད་མ་རེད། དེ་ནི་བོད་ལ་མཚོན་ན་ཉམས་མྱོང་ཆེན་པོ་ཞིག་རེད་བསམ་གྱི་འདུག ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་ལྷན་ཞི་བའི་དོན་ཚན་ལྔ་ཅན་ (Panchsheel) ཞེས་པའི་ཆིངས་ཡིག་ཅིག་ཕྱི་ལོ་ ༡༩༥༤ ལོར བཞག་ཡོད་རེད། དེའི་དོན་ཚན་དང་པོ་རང་ལ་ས་མཚམས་ཐོག་ལ་དཀའ་ངལ་མི་ཡོང་བའི་སྐོར་འཁོད་ཡོད་ཀྱང་། ཕྱི་ལོ་ ༡༩༦༢ ལོར་རྒྱ་དམར་གཞུང་གིས་ཚུར་རྒྱ་གར་ལ་དམག་བརྒྱབ་ནས་དཀའ་ངལ་ཆེན་པོ་ཞིག་བཟོས་ཡོད་རེད། དེ་ཚོའི་གྲས་མའོ་ཡི་དུས་སྐབས་རིང་བྱུང་བ་རེད། དེའི་རྗེས། ༡༩༩༧ ལོར་ཨིན་ཇིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་རེད། ད་ལྟའི་ཆར་རྒྱ་གཞུང་གི་དབང་འཛིན་པ་ཚོས་ཧོང་ཀོང་གི་གནས་བབ་དེ་ཇི་ལྟར་བཟོས་འདུག དེ་ཡིན་དུས་རྒྱ་དམར་གཞུང་གི་སྲིད་བྱུས་འཛིན་མཁན་གྱི་འགོ་ཁྲིད་དེ་ཚོའི་གནང་ཕྱོགས་ལ་ཇི་ལྟར་ང་ཚོར་ཡིད་ཆེས་སླེབས་ཐུབ་རྒྱུ་དང་། དེ་ཚོའི་ཐོག་བློ་སྤོབས་སྐྱེ་ཐུབ་རྒྱུའི་དགོངས་པ་གང་འདྲ་འཁོར་དགོས་ཀྱི་ཡོད་མེད་ཐོག་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད་འདུག

༧རྒྱལ་བ་རིན་པོ་ཆེས་བར་སྐབས་རྒྱ་ནག་གཞུང་ལ་ཡིད་ཆེས་ཀྲབ་རུ་ཀྲབ་རུ་འགྲོ་ཡི་འདུག ཡིན་ནའང་རྒྱ་ནག་མང་ཚོགས་ལ་ཡིད་ཆེས་ཡོད་པ་དང་། ང་ཚོས་མུ་མཐུད་འབྲེལ་བ་གནང་དགོས་པའི་བཀའ་སློབ་ཕེབས་ཡོད་རེད། དེང་སང་དུས་ཚོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནང་རྒྱ་དམར་གཞུང་གིས་བྱེད་ཕྱོགས་ལ་ཡིད་ཆེས་སླེབས་མ་ཐུབ་པའི་གནས་སྟངས་འདྲ་པོ་ཆགས་ཡོད་རེད། དེ་བཞིན་སྔོན་མ་ཉམས་ཞིབ་པ་ཁག་ཅིག་གིས་ཞི་ཅིན་ཕིང་སྲིད་འཛིན་གྱི་ལས་ཡུན་གསུམ་པ་ལ་སླེབས་པའི་སྐབས་ལ་རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་བ་ཇི་ཙམ་ཡོང་གི་ཡོད་པ། བོད་དོན་དང་། རྒྱ་ནག་ནང་ཁུལ་གྱི་གནད་དོན་ཐག་གཅོད་གནང་རྒྱུར་དུས་ཚོད་ཇི་ཙམ་རག་མིན་སོགས་ལ་དྲི་བ་དང་ཐེ་ཚོམ་གནང་གི་ཡོད་པ་རེད། གང་ཡིན་ཟེར་ན་རྒྱ་གཞུང་གི་ཆབ་སྲིད་ནང་ཁུལ་ལ་རྙོག་ཁྲ་རྒྱུན་མ་ཆད་པར་ཡོང་བསྡད་ཀྱི་ཡོད། དུས་རབས་ཉེར་གཅིག་ནང་ལ་མི་གཅིག་གིས་མི་ཚེ་ཧྲིལ་པོར་རྒྱལ་ཁབ་ཀྱི་འགོ་ཁྲིད་གནང་རྒྱུའི་བསམ་བློ་གཏོང་རྒྱུ་དང་། སོ་སོོའི་རྗེས་འཛིན་བཟོ་རྒྱུ། སོ་སོ་དང་ལྟ་གྲུབ་མ་མཐུན་པ་རྣམས་མེད་པར་བཟོ་རྒྱུ་སོགས་གཞན་ལ་གནོན་ཤུགས་སྤྲོད་རྒྱུའི་བསམ་བློ་བཏང་ཡོང་དུས། མང་པོ་ཞིག་ལ་རང་བཞིན་གྱི་ཁག་པོ་ཆགས་འགྲོ་ཡི་ཡོད་རེད། དཔེར་ན། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་། བདེ་སྲུང་བློན་ཆེན་གྱི་གནས་སྟངས་སོགས་ལ་བལྟ་དུས་རྒྱ་ནག་ནང་གི་གནས་སྟངས་དཔེ་མི་སྲིད་པའི་ཛ་དྲག་དང་། ང་ཚོས་ཚོད་དཔག་བྱེད་མ་ཐུབ་པའི་གནས་སྟངས་ཤིག་ཆགས་བསྡད་འདུག དེ་བཞིན་རྒྱ་ནག་གཞུང་གི་ཕྱི་སྲིད་བློན་ཆེན་ཆིང་ཀང་ཟེར་བ་དེ་འགྱུར་བ་གཏོང་དུས། གསར་འགོད་པ་དང་། གཞུང་འབྲེལ་གྱི་ཐོག་ནས་དེའི་རྒྱུ་མཚན་སྐད་ཆ་དྲིས་དུས། རྒྱུ་མཚན་དེ་རེད་ཅེས་སུ་གང་ལ་ཤོད་རྒྱུ་ཡོད་མ་རེད། དེ་འདྲའི་ཕྱི་གསལ་ནང་གསལ་མེད་པའི་གནས་སྟངས་ཆགས་བསྡད་ཡོད་རེད། དེ་ཚོའི་གྲས་ང་ཚོས་ཁ་གསལ་པོ་ཡོང་ཐུབ་རྒྱུའི་འབད་བརྩོན་གནང་དགོས། རྒྱ་མི་རིགས་མཉམ་དུ་འབྲེལ་བ་བྱས་ནས་ཕ་གིར་ཤུགས་རྐྱེན་སྤྲོད་ཐུབ་རྒྱུར་དགོངས་པ་བཞེས་དགོས་འདུག དེ་ལ་གནས་བབ་གང་བསྐྲུན་དགོས་པ་བཅས་ཀྱི་ཐོག་ལ་ང་ཚོས་དོ་སྣང་ཤུགས་ཆེན་པོ་བྱ་རྒྱུ་ཡོད་རེད་བསམ་གྱི་འདུག

ང་ཚོ་ཆབ་སྲིད་ཀྱི་འཐབ་རྩོད་པ་ཞིག་ཡིན་པའི་ཆ་ནས་ཕན་ཚུན་ཁོག་རྒྱ་ཆེན་པོ་དགོས་པ་དེ་གལ་ཆེན་པོ་རེད་འདུག སོ་སོའི་སྤྱི་ཚོགས་དང་། ལས་ཀ་བྱེད་སའི་ཁོར་ཡུག་ནང་ལ་ལྟ་གྲུབ་མཐུན་མིན་ཡོང་གི་ཡོད་རེད། ཕན་ཚུན་ཁོག་རྒྱ་ཆེ་ཙམ་བྱས་ནས་ཁྱོན་ཡོངས་ཀྱི་སྤྱི་ཚོགས་སྣེ་ཁྲིད་ཐུབ་པ་བྱེད་དགོས་པ་དེ་གལ་ཆེན་པོ་ཞེ་པོ་རེད་འདུག དཔེར་ན། བདག་ཉིད་ཆེན་པོ་གྷན་དྷིའི་སྐུ་པར་གཅིག་པུར་བལྟས་ན། ཁོང་དང་ཐོག་ལོན་ཊོན་ལ་སློབ་གཉེར་གནང་བའི་སྐབས་སུ་དེང་དུས་ཀྱི་ (Suit) དང་། (Tie) གྱོན་ནས་ནུབ་ཕྱོགས་པའི་བྱེད་སྟངས་ཆ་ཚང་གནང་འདུག དེའི་རྗེས་ལ་འཐབ་རྩོད་ནང་ལ་ཞུགས་ཡོང་དུས་རས་རྐྱང་པ་ (Dhoti) དང་། སིལ་ལྷམ་ཞིག་གྱོན་ནས་སོ་སོའི་མི་རིགས་ཀྱི་བསམ་བློ་དང་། ཁྱད་ཆོས་ཀྱི་ཐོག་སྣེ་ཁྲིད་གནང་ཐུབ་རྒྱུའི་དགོངས་པ་བཞེས་ནས་རྒྱ་གར་གྱི་བདེན་དོན་གསལ་པོ་བྱས་ནས་རྩོད་ཐུབ་པའི་གནས་སྟངས་ཤིག་ཆགས་འདུག སོ་སོའི་མི་རིགས་སྐྱོ་པོ་དང་། མི་རིགས་མང་བ་མཉམ་དུ་ཁྲིད་ཐུབ་རྒྱུ་གལ་ཆེན་པོ་རེད། མི་རེ་གཉིས་ཀྱི་གནས་བབ་གཅིག་པུར་བསམ་བློ་བཏང་བ་མ་ཡིན་པར། འཐབ་རྩོད་ཀྱི་ཐོག་ལ་སྤྱི་ཡོངས་ཀྱི་སྣེ་ཁྲིད་གནང་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག དེ་ལྟར་སྣེ་ཁྲིད་ཐུབ་པ་ཡིན་ན་ང་ཚོས་སེམས་ཤུགས་མ་ཆག་པའི་ཐོག་ནས་བདེན་དོན་གྱི་འཐབ་རྩོད་མངོན་དུ་འགྱུར་རྒྱུའི་གནས་བབ་ཅིག་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག ང་ཚོ་སེམས་ཤུགས་དུས་ནམ་ཡང་ཆག་རྒྱུ་མིན་འདུག ཐེངས་གཅིག་ང་རང་ཨ་རིར་གཞུང་འབྲེལ་འགྲོ་དུས། ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་བྱང་ཨ་རིའི་མི་མང་གི་ཕྱི་ལོ་ ༢༠༡༧ ལོར་ལས་འགུལ་ཞིག་སྤེལ་བ་རེད། དེ་ཡང་ལས་འགུལ་སྤེལ་སྐབས་བདག་ཉིད་ཆེན་པོ་གྷན་དྷི་དང་། མར་ཊིན་ལུ་ཐར་ཀིང་། ནེལ་སོན་མན་ཌི་ལ། ༧རྒྱལ་བ་རིན་པོ་ཆེ་བཅས་ཀྱི་སྐུ་པར་ཁུར་རྒྱུའི་བང་བསྒྲིག་འདུག སྐབས་དེ་དུས་གནམ་གཤིས་གྲང་མོ་འདུག སེམས་པ་སྐྱོ་པོ་འདྲ་པོ་བྱུང་། གང་ཡིན་ཟེར་ན། བདག་ཉིད་ཆེན་པོ་གྷན་དྷི་དང་། མར་ཊིན་ལུ་ཐར་ཀིང་། ནེལ་སོན་མན་ཌི་ལ་བཅས་ཀྱིས་སོ་སོའི་མི་རིགས་ཀྱི་བདེན་དོན་གང་རྩོད་པ་དེ་སོ་སོའི་སྐུ་ཚེའི་རིང་བསྒྲུབས་ཐུབ་ཡོད་རེད། ༧རྒྱལ་བ་རིན་པོ་ཆེ་དགུང་ལོ་མཐོ་པོར་ཕེབས་ཡོད་པ་དང་། མགོན་པོ་གང་ཉིད་ཀྱིས་སྐུ་ངལ་ཆེན་པོ་བསྐྱོན་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཁོར་ཡུག་རྒྱ་ཆེན་པོ་བསྐྲུན་ཡོད་ཀྱང་། བོད་ཀྱི་གནས་སྟངས་གང་འདྲ་ཆགས་ཀྱི་རེད་བསམ་བསམ་གྱི་སེམས་པོ་སྐྱོ་པོ་བྱུང་། ཆབ་སྲིད་ཀྱི་འཐབ་རྩོད་ལ་རིགས་གཅིག་ལོ་བརྒྱ་ཕྲག་མང་པོ་འགོར་གྱི་ཡོད་རེད། དེའི་རྒྱུན་དེ་ཡོང་གི་ཡོད་རེད། ༧རྒྱལ་བ་རིན་པོ་ཆེའི་དགོངས་པ་བཞེས་སྟངས་དང་འབྲེལ་ལམ་གནང་སྟངས་སོགས་ལ་བལྟས་པ་ཡིན་ན། བོད་རྒྱའི་དཀའ་རྙོག་དེ་མི་གཅིག་གི་མི་ཚེའི་ནང་སེལ་ཐུབ་རྒྱུའི་ཁོར་ཡུག་ཡོང་དགོས་པ་དེ་གལ་ཆེན་པོ་ཆགས་བསྡད་ཀྱི་ཡོད་རེད། དེ་ཡོང་ཐབས་སུ་ང་ཚོས་གང་བྱེད་དགོས་པའི་ཐོག་དུས་རྒྱུན་དུ་ནས་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག་ཅེས་གསུངས་གནང་སོང་།

རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་ཞུས་པ་རྩོམ་ཡིག་འགྲན་བསྡུར་གྱི་ཨང་རིམ་རྩེར་སོན་གསུམ་ལ་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་བརྒྱུད་བྱ་དགའ་གསོལ་སྩལ་གནང་བ་དང་། དེ་བཞིན་རྩོམ་ཡིག་འགྲན་བསྡུར་གྱི་རྩེ་ཕུད་མི་སྣ་བཅུ་གསུམ་གྱི་རྩོམ་ཡིག་ཕྱོགས་བསྡུས་གནང་བ་ “དབུ་མའི་ལམ།” ཞེས་པའི་དཔེ་དེབ་དབུ་འབྱེད་གནང་བ་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་བརྒྱུད་ནས་རྩོམ་ཡིག་འགྲན་བསྡུར་གྱི་རྩེ་ཕུད་མི་སྣ་བཅུ་གསུམ་ལ་བྱ་དགའ་གནང་བ། དམིགས་བསལ་སྐུ་མགྲོན་དཔལ་ལྡན་སྲིད་སྐྱོང་མཆོག་བརྒྱུད་ནས་རྩོམ་ཡིག་དཔྱད་འདེམས་པ་གསུམ་ལ་བྱ་དགའ་གནང་སོང་།

གཞན་ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་སྲིད་སྐྱོང་མཆོག་རྣམ་གཉིས་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་བཅས། །