༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༦ པའི་ཚེས་ ༣༠ ཉིན་གྱི་སྔ་དྲོ་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པས་སྣེ་ལེན་མཇལ་འཕྲད་གནང་སོང་།
མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་དོན། བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་བཙོན་གྲོལ་གྱིས་ནང་མི་ལྷན་འཛོམས་བྱུང་རྗེས། ད་རེས་རྒྱ་གར་ལ་ཕེབས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་ཅིང་། ཁོང་གིས་བློས་གཏོང་ཆེན་པོ་བྱས་ནས་བོད་ནང་གི་དངོས་བྱུང་གློག་བརྙན་འཇིགས་བྲལ་ཞེས་པ་བཟོ་བསྐྲུན་གནང་བ་དང་། ཕྱི་ལོ་ ༢༠༠༨ ནས་རྒྱ་ནག་དམར་གཞུང་གིས་བཙོན་འཇུག་ལོ་དྲུག་ཙམ་རིང་བྱས་ཤིང་། དེའི་སྐབས་ཀྱི་དཀའ་སྡུག་ན་ཟུག་དེ་ཚོ་ང་ཚོས་བརྗོད་མ་ཤེས་པའི་གནས་སྟངས་འདྲ་པོ་ཆགས་ཀྱི་ཡོད་པ་རེད། འཇིགས་བྲལ་གློག་བརྙན་བཟོས་པ་བརྒྱུད་བོད་ནང་གི་དངོས་ཡོད་གནས་སྟངས་སྤྱི་དང་། ལྷག་པར་དུ་ཞིང་འབྲོག་མང་ཚོགས་ཀྱི་གནས་སྟངས་རེད། དེ་བཞིན་དགོན་སྡེ་དང་། སློབ་གྲྭ་ཁག་སོགས་བོད་ནང་གི་དངོས་ཡོད་གནས་སྟངས་མང་པོ་ཤེས་ཐུབ་པ་ཆགས་ཡོད། ཁོང་ནི་བོད་བསྟན་སྲིད་ཀྱི་ཆེད་བློས་གཏོང་ཆེན་པོ་གནང་མཁན་གྱི་མི་སྣ་ཞིག་ཆགས་བསྡད་ཀྱི་ཡོད།
ཁོང་བཙོན་འཇུག་བྱས་པའི་སྐབས་སུ་ཡིན་ནའང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོགས་སུ་འབོད་སྐུལ་ཞུ་དགོས་ཁག་གནང་འདུག་ལ། དེ་ཚོ་ང་ཚོའི་ངོས་ནས་བྱེད་དགོས་ངེས་ཤིག་ཀྱང་རེད། དོན་གྲུབ་དབང་ཆེན་ལགས་ཀྱིས་གཙོས་པའི་འབྲེལ་ཡོད་བློས་གཏོང་གནང་མཁན་ཡོངས་ལ་གོ་སྐབས་འདི་བརྒྱུད་བསྔགས་བརྗོད་དང་། ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ད་རེས་དོན་གྲུབ་དབང་ཆེན་ལགས་བཞུགས་སྒར་དུ་ཡོང་དོན་གཙོ་བོ་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་རྒྱུས་མཚོན་པའི་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་ཐུག་འཕྲད་དང་། ནང་མི་ལྷན་རྒྱས་ནས་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་ཐོག་རྒྱུས་ལོན་གནང་རྒྱུ་སོགས་ཡིན་འདུག དེ་ཡིན་དུས་དོན་གྲུབ་དབང་ཆེན་ལགས་བཞུགས་སྒར་རྡ་སར་ཕེབས་པ་དང་། ལྷག་པར་དུ་དེ་རིང་སྔ་དྲོ་གྲོས་ཚོགས་སུ་ཕེབས་པར་དམིགས་བསལ་གྱི་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བོད་ཀྱི་བསྟན་སྲིད་ཆེད་དུ་དོན་གྲུབ་དབང་ཆེན་ལགས་ཀྱིས་ཁ་ཡོད་ལག་ཡོད་ཀྱིས་ཐུགས་ཕན་ཆེན་པོ་གསོས་ཡོད་རེད། དེ་ཚོའི་གྲས་སོ་སོའི་ངོས་ནས་སྤོབས་པ་སྐྱེ་འོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད། བཙོན་གྲོལ་ཐོབ་པའི་རྗེས། བོད་ནང་ལོ་ཤས་རིང་བཞུགས་པའི་སྐབས་ཡ་ང་བའི་གནས་སྟངས་འདྲ་པོ་ཆགས་བསྡད་ཡོད་རེད། སུད་སིར་ཕེབས་འབྱོར་སྐབས། དེ་དུས་ང་ཚོགས་གཙོ་ཡིན་པ་དང་། འབྲེལ་ཡོད་གཅིག་གིས་དོན་གྲུབ་དབང་ཆེན་ལགས་སུད་སིར་འབྱོར་ཚར་བའི་སྐོར་གསུངས་པ་དང་། སྐབས་དེ་དུས་དེ་ནི་གསང་བ་ཡིན་སྐོར་དང་། ཁོང་ཨ་རིར་འགྲོ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་སྐོར་གསུངས་སོང་། ཨ་རིའི་ཀེལ་ཕོ་ནི་ཡའི་ (Golden Bridge) ལ་ནང་མི་ལྷན་རྒྱས་ཀྱི་སྐུ་པར་དྲ་ཐོག་ནས་མ་མཇལ་གྱི་བར་དུ་འབྲེལ་ཡོད་ཁག་ཅིག་ཙམ་ལས་མང་ཚོགས་ནས་ཁོང་གི་གནས་སྟངས་སྐོར་ཤེས་ཀྱི་མ་རེད་བསམ་གྱི་འདུག དེ་ནས་ཚང་མ་ཡོངས་གྲགས་འདྲ་པོ་ཆགས་པའི་རྗེས་ལ། སྐུ་ལྷོད་ལྷོད་བྱས་ནས་མ་བཞུགས་པར་ཕྱི་ལོ་ ༢༠༢༡ ལོར་ཡུ་རོབ་ནང་བོད་དོན་ཞུ་སྐུལ་གནང་བ་དང་། དེ་བཞིན་འབྲེལ་ཡོད་སུས་གདན་ཞུས་གནང་ནའང་། བོད་ནང་གི་དངོས་ཡོད་གནས་ཚུལ་དང་། ལྷག་པར་དུ་ཆབ་སྲིད་བཙོན་པའི་དཀའ་སྡུག་སྐོར་འགྲེལ་བཤད་གནང་སྟེ་བོད་དོན་ཐོག་ཧ་ལས་པའི་ཕན་ཐོགས་ཆེན་པོ་བྱུང་བ་རེད་བསམ་གྱི་འདུག དེར་ངོས་འཛིན་ཐོབ་པའི་ཐོག་ནས་འབྲེལ་ཡོད་ཁག་ཅིག་གིས་ཁོང་གི་མཛད་རྗེས་ལ་གཟེངས་རྟགས་ཕུལ་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༢༡ ལོར་ནོར་ཝེ་གྲོས་ཚོགས་འཐུས་མི་གཅིག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་རྒྱུའི་འོས་མིའི་ནང་ཁོང་གི་མཚན་གསལ་བསྒྲགས་གནང་ཡོད་པ་རེད། དེ་ཚོ་ཁོ་རང་སྒེར་ངོས་ནས་དགའ་སྤོབས་བྱེད་དགོས་པའི་གནས་སྟངས་ཤིག་དང་། ང་ཚོ་བོད་མིའི་སྒྲིག་འཛུགས་རེད། བོད་མི་ཡོངས་རྫོགས་ཀྱིས་སྤོབས་པ་སྐྱེ་འོས་པའི་གནས་སྟངས་ཤིག་ཀྱང་ཆགས་ཀྱི་ཡོད་རེད། མ་འོངས་པར་མུ་མཐུད་ནས་བོད་བསྟན་སྲིད་དོན་དུ་སེམས་ཤུགས་མ་ཆག་པའི་ཐོག་ནས་ཧུར་བསྐྱེད་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན།
བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་ཁོང་ཉིད་དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་བཅར་ནས་དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམས་དང་ལྷན་བཀའ་མོལ་གནང་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། ཁོང་གིས་ཐོག་མར་༧གོང་ས་མཆོག་གི་ཕྱག་དེབ་མང་པོ་བསྒྱུར་བ་དང་། རིམ་པས་འཇིགས་བྲལ་གློག་བརྙན་བཟོ་བསྐྲུན་གནང་རྗེས་རྒྱ་དམར་གཞུང་གིས་བཙོན་འཇུག་བྱས་པའི་བརྒྱུད་རིམ་སྐོར་སོགས་ངོ་སྤྲོད་དང་། བོད་ནང་རྒྱ་ནག་དམར་གཞུང་གིས་བཅའ་སྡོད་སློབ་གྲྭའི་ནང་བོད་ཕྲུག་རྣམས་བཙན་ཤེད་ཐོག་སློབ་འཇུག་བྱེད་བཅུག་པ་དང་། འབྲོག་པ་གནས་སྤོས་བྱེད་བཅུག་པ། འཛུགས་བསྐྲུན་ལ་ཁ་གཡར་ནས་བོད་པའི་ས་ཆ་མང་པོ་བཙན་འཕྲོག་བྱས་ནས་མི་རིགས་མཉམ་བསྲེས་བྱེད་བཅུག་པ། རང་ལོ་ ༡༨ ལོན་ན་མ་གཏོགས་གྲྭ་བཙུན་བྱེད་མི་བཅུག་པ་སོགས་བོད་ནང་འཆར་གཞི་དང་ལྡན་པའི་ཐཽག་ནས་མི་རིགས་རྩ་མེད་བཟོ་བཞིན་ཡོད་སྐོར་དང་། བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་བོད་དོན་དྲིལ་བསྒྲགས་དང་། ལས་འགུལ་གང་མང་སྤེལ་དགོས་སྐོར་སོགས་གསུངས་གནང་སོང་།
དེ་ནས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམས་དང་ལྷན་ཕན་ཚུན་བོད་དོན་སྐོར་བཀའ་བསྡུར་ལྷུགས་པོ་གནང་རྗེས། དཔལ་ལྡན་ཚོགས་གཙོ་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་གནང་བ་དང་། སྤྱི་འཐུས་རྒྱུན་ལས་རྣམ་པས་འཚམས་འདྲིའི་མཇལ་དར་ཕུལ་ཡོད་པ་བཅས། །