དཔལ་ལྡན་ཚོགས་གཙོ་མཆོག་གིས་སྐུ་ཞབས་སིདྡཱ་ར་མཻ་ཡཱ་མཆོག་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༥ ཚེས་ ༢༢ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཞབས་སིདྡཱ་ར་མཻ་ཡཱ་ (Siddaramaiah) མཆོག་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་སླར་ཡང་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་གནང་འདུག

དེ་ཡང་མཚམས་འཕྲིན་ནང་འཁོད་དོན། སྐུ་ཉིད་སྤྱི་ཁྱབ་བློན་ཆེན་དུ་བསྐྱར་དུ་བདམས་ཐོན་བྱུང་བ་དེས་སྐུ་ཉིད་ཀྱི་དབུ་ཁྲིད་གནང་ཕྱོགས་དང་། མི་མང་གིས་སྐུ་ཉིད་ལ་ཇི་ཙམ་ཡིད་ཆེས་གནང་གི་ཡོད་པ་མཚོན་ཐུབ། སྐུ་ཉིད་ནས་རྒྱ་གར་གཞུང་མང་སྤྱི་དང་། ལྷག་པར་དུ་ཀར་ན་ཊ་ཀ་མངའ་སྡེའི་གཞུང་མང་གཉིས་ལ་དུས་ཡུན་རིང་པོར་ཞབས་ཕྱི་ཧུར་ཐག་ཞུས་པ་མ་ཟད། ད་དུའང་ཞུ་བཞིན་ཡོད་པ་ནི་བསྔགས་འོས་སུ་གྱུར།

བོད་མིའི་བླ་ན་མེད་པའི་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཀར་ན་ཊ་ཀའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རིམ་པར་མཇལ་འཕྲད་གནང་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༨ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་ལྷོ་ཕྱོགས་ནང་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་སྐབས་སྐུ་ཉིད་དང་ལྷན་མཇལ་འཕྲད་གནང་རྒྱུའི་གོ་སྐབས་བྱུང་ཡོད། སྐུ་ཉིད་ནས་བོད་དོན་ཐོག་རྒྱུན་དུ་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། འབྱུང་འགྱུར་ཡང་མུ་མཐུད་དེ་ལྟར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན།

ཀར་ན་ཊ་ཀའི་མངའ་སྡེ་ནི་བོད་མིའི་འདུ་སྡོད་གཞིས་ཆགས་ཆེ་ཤོས་ཁག་གི་ཆགས་ཡུལ་ཡིན་སྟབས། ངས་གོ་སྐབས་འདི་བརྒྱུད་ནས་ཀར་ན་ཊ་ཀའི་མངའ་སྡེའི་གཞུང་མང་གཉིས་ནས་ད་བར་མངའ་སྡེའི་ནང་གནས་སྡོད་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སླར་ཡང་སྐུ་ཉིད་ལ་འཚམས་འདྲི་ཞུ་རྒྱུ་དང་། མི་མང་གི་མངོན་འདོད་འགྲུབ་རྒྱུ་སོགས་སྐུ་ཉིད་ཀྱི་ལས་དོན་མཐའ་དག་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས།