དཔལ་ལྡན་ཚོགས་གཙོ་མཆོག་དང་དཔལ་ལྡན་སྲིད་སྐྱོང་མཆོག་སོགས་ནས་དུས་འཁོར་རྒྱུད་འགྲེལ་ཆེན་མོའི་ཕྱག་དཔེ་དབུ་འབྱེད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༡ ཉིན་སྔ་དྲོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག མཁན་ཟུར་བྱ་དོ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག་བཅས་ནས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ནས་ཞུས་སྒྲིག་བྱས་པའི་དུས་འཁོར་རྒྱུད་འགྲེལ་ཆེན་མོའི་ཕྱག་དཔེ་དབུ་འབྱེད་གནང་སོང་།

དབུ་འབྱེད་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་ཚང་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། གཙོ་བོ་དུས་འཁོར་ལྟ་བུར་མཚོན་པར་ཡིན་ན། རྩ་བའི་སྔགས་ཀྱི་སྐོར་ལ་རེད། སྔགས་ལས་ཕྱི་རྒྱུད་དང་། ནང་རྒྱུད། དེ་བཞིན་སྔགས་གསར་མ་དང་། རྙིང་མ། སྔགས་གསར་མའི་ཕྱོགས་འདྲ་པོ་ཡིན་ན། ཕ་རྒྱུད་དང་། མ་རྒྱུད། གཉིས་མེད་རྒྱུད། དུས་འཁོར་གཉིས་མེད་རྒྱུད་ཀྱི་ཁོངས་སུ་གཏོགས་བསྡད་པ་ཆགས་ཀྱི་ཡོད་རེད། དེ་བཞིན་བྱ་དོ་རིན་པོ་ཆེས་གོང་དུ་གསུངས་པ་ནང་བཞིན་དུས་འཁོར་གྱི་ཉམས་ལེན་རེད། དུས་འཁོར་གྱི་བཤད་པ་རེད། དུས་འཁོར་གྱི་རྒྱུད་ཆ་ཚང་བ་ཞིག་རྟོགས་པར་བྱེད་པ་ལ་བཅུ་ཕྲག་རིག་པའི་གནས་ཆ་ཚང་ཐོག་གང་ལ་གང་འཚམས་ཀྱི་སྦྱངས་པ་དང་། མཁྱེན་རྟོགས་ཡོད་དགོས་པ་དེ་གལ་ཆེན་པོ་རེད།  དེ་ཡང་སྐར་རྩིས་དང་། ནང་དོན་རིག་པ། གསོ་བ་རིག་པ། དེ་བཞིན་རིག་གནས་མང་པོ་ཞིག་དང་འབྲེལ་བ་ཆགས་བསྡད་པ་གསལ་པོ་རེད། དེ་ཡིན་དུས་དེ་འདྲའི་ཐོག་ནས་དུས་འཁོར་གྱི་ཉམས་ལེན་རེད། དུས་འཁོར་གྱི་བཤད་རྒྱུན་རེད། ཆོ་གའི་རྒྱུན་རེད། དེ་ཚོའི་གྲས་ཧ་ལས་པའི་གལ་ཆེན་པོ་ཆགས་བསྡད་ཀྱི་ཡོད་པ་དང་། བསྟན་པའི་སྲོག་རྩ་འདྲ་པོ་ཞིག་རེད། སྤྱིར་བཏང་༧སྐྱབས་མགོན་རིན་པོ་ཆེས་བཀའ་ཕེབས་བསྡད་ཀྱི་ཡོད་རེད། བསྟན་པ་སྤྱི་ཚན་དང་། གང་ཟག་སྒོས་ཚན་ཞེས་དེ་འདྲའི་ཉམས་ལེན་གྱི་ཐོག་ནས་ཁྱད་པར་འབྱེད་རྒྱུ་ཏན་ཏན་ཡོད་རེད་བསམ་གྱི་འདུག དེ་མ་གཏོགས་དུས་འཁོར་དེ་ཧ་ལས་པའི་གལ་ཆེན་པོ་ཆགས་བསྡད་ཀྱི་ཡོད་རེད། དེ་ཡིན་དུས་བཤད་རྒྱུན་ཡིན་ནའང་འདྲ། ཉམས་ལེན་གྱི་རྒྱུད། ཆོ་གའི་རྒྱུད་གང་ཡིན་ནའང་འདྲ། དེ་ཚོ་སླར་གསོ་གནང་ཐུབ་པ་ཧ་ཅང་གི་བཀའ་དྲིན་ཆེན་པོ་བྱུང་འདུག དེ་ཡིན་དུས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བརྒྱུད་ནས་མ་འོངས་པར་བསྟན་པ་དང་། འགྲོ་བ་ལ་ཕན་ཐོགས་ཆེན་པོོ་ཡོང་རྒྱུའི་རེ་བ་དང་། ཡིད་ཆེས་ཞུ་ཡི་ཡོད། དེ་དང་འབྲེལ་ནས་དུས་འཁོར་གྱི་རྒྱུན་ (བུ་སྟོན་རིན་ཆེན་གྲུབ་ནས་བརྒྱུད་པའི་དུས་འཁོར་རྒྱུད་འགྲེལ་བཤད་ལུང་གི་རྒྱུན།) དེ་གཙོ་བོ་༧སྐྱབས་མགོན་རིན་པོ་ཆེའི་བཀའ་འབྲེལ་གྱི་ཐོག་ནས་མར་རྒྱུན་དེ་མ་ཆད་པར་དར་སྤེལ་གཏོང་ཐུབ་པ་བྱུང་ཡོད་རེད། ༧སྐྱབས་མགོན་རིན་པོ་ཆེའི་མཛད་པ་འཕྲིན་ལས་དེ་ཧ་ལས་པའི་རྒྱ་ཆེན་པོ་དང་། གཏིང་ཟབ་པོ་ཆགས་བསྡད་ཡོད་རེད།

ཆོས་སྲིད་གཉིས་ནས་སྲིད་ཀྱི་མཛད་པའི་ཐོག་ནས་ཞུས་པ་ཡིན་ན། ཕྱི་ལོ་ ༡༩༥༠ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་གྲངས་བཅུ་དྲུག་ཐོག་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་དང་། སྐབས་དེ་དུས་རྒྱ་དམར་གྱིས་བོད་ནང་བཙན་འཛུལ་བྱེད་འགོ་འཛུགས་ཤིང་། བོད་ཀྱི་གནས་སྟངས་ཧ་ཅང་གི་ཉག་ཕྲ་བ་ཞིག་རེད། ཕྱི་ལོ་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་བཞག་པ་དང་། དེའི་རྗེས་འབྲེལ་གྱི་ཐོག་ནས་༧སྐྱབས་མགོན་རིན་པོ་ཆེས་རྒྱ་དམར་གཞུང་དང་ལྷན་མེས་འཚེག་མེར་གཏུག་གི་ཞི་མཐུན་གནང་ཐབས་གནང་ཡང་། མཐའ་མར། ༧སྐྱབས་མགོན་རིན་པོ་ཆེའི་ཐུགས་རེ་གནང་བ་བཞིན་མ་ཡོང་དུས། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་ལ་ཕེབས་དགོས་པའི་གནས་སྟངས་ཆགས་ཡོད་པ་དང་། བཙན་བྱོལ་དུ་ཕེབས་རྗེས། གཙོ་བོ་བོད་གཞུང་གི་རྒྱུན་དེ་སླར་གསོ་གནང་བའི་ཐོག བཙན་བྱོལ་བོད་མིའི་མང་གཙོའི་ལམ་སྲོལ་གསར་གཏོད་མཛད་པ་མ་ཟད། རྒྱལ་སྤྱིའི་དབུ་འཁྲིད་རྣམས་དང་མཇལ་འཕྲད་ཀྱིས་བོད་ཀྱི་བདེན་དོན་ཞུ་གཏུགས་དང་། དེ་བཞིན་ཨ་རིའི་གྲོས་ཚོགས་ནང་ཞི་བའི་དོན་ཚན་ལྔ་དང་། ཡུ་རོབ་གྲོས་ཚོགས་བཅས་ཀྱི་ནང་སི་ཊ་ས་སྦག་གསུང་བཤད་གནང་བ་སོགས་རྒྱལ་སྤྱིའི་གྲོས་ཚོགས་ནས་རྒྱབ་སྐྱོར་ཐོབ་ཐུབ་པ། དེ་བཞིན་གནས་ཡུལ་རྒྱ་གར་གྲོས་ཚོགས་ནང་ལའང་བཀའ་སློབ་གནང་ཐུབ་པ་བྱུང་ཡོད། ལྷག་པར་དུ་རྒྱ་གཞུང་མཉམ་དུ་འབྲེལ་བ་གནང་སྟེ་ཞི་འགྲིག་ཡོང་རྒྱུའི་ཐབས་ལམ་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཏོན་པ་དང་། དེ་ཡང་གཙོ་བོ་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་གཞིར་བཟུང་། མི་མང་གི་བསམ་ཚུལ་བསྡུས་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་གནང་ནས། ད་ལྟ་བར་དུ་ང་ཚོས་ཕན་ཚུན་བཀའ་མོལ་གནང་བསྡད་པ་དང་། གང་ལྟར་རེ་བ་དང་། ཡིད་ཆེས་འདྲ་པོ་ཏོག་ཙམ་ཡོང་ཐུབ་པ་དེ་ཡང་གཙོ་བོ་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དང་། ཕུལ་བྱུང་གི་རྣམ་དཔྱོད་ལས་བྱུང་བ་ཞིག་ཆགས་བསྡད་ཡོད་རེད། ཁ་སང་ཉེ་ཆར་ཚེས་བཅུ་ཟབ་གསོལ་མཛད་སྒོའི་ཐོག་༧སྐྱབས་མགོན་རིན་པོ་ཆེ་མཇལ་ཁ་ཞུས་པའི་སྐབས་ལ་མགོན་པོ་མཆོག་གིས་གང་ཉིད་དགུང་ལོ་བཅུ་དྲུག་ནས་བོད་བསྟན་སྲིད་ཀྱི་ཐུགས་འགན་བཞེས་ཡོད་པ་དང་། ལྷ་མི་གཉིས་ཀྱི་གཙུག་རྒྱན་ལྟ་བུ་གནང་ཡོད་ཅེས་བཀའ་སློབ་ཕེབས་སོང་། ད་ལྟ་བར་དུ་༧སྐྱབས་མགོན་རིན་པོ་ཆེས་ང་ཚོར་བླ་ན་མེད་པའི་བཀའ་དྲིན་བསྐྱངས་ཡོད་རེད། དེ་དག་ང་ཚོས་རྟག་ཏུ་རྗེས་སུ་དྲན་ཐུབ་དགོས་པ་མ་ཟད། ༧སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་དང་། ལམ་སྟོན། དགོངས་གཞི་གཞིར་བཟུང་བོད་མིའི་སྒྲིག་འཛུགས་རེད། དེ་བཞིན་བོད་རྒྱ་ཆེའི་མང་ཚོགས་བཅས་ཚང་མས་རྩ་ཆེན་པོར་བརྩིས་ནས་གོམ་པ་མདུན་སྤོོས་བྱེད་རྒྱུ་གལ་ཆེན་པོ་རེད་འདུག་ཅེས་དེ་གཅིག་ཞུ་རྒྱུ་ཡིན།

ཆོས་ཀྱི་མཛད་པའི་ཐོག་ནས་ཞུས་པ་ཡིན་ན། ༧སྐྱབས་མགོན་རིན་པོ་ཆེ་དུས་རབས་ཉེར་གཅིག་གི་སྟོན་པ་ཞེས་མཚན་གནས་འབུལ་མཁན་ཡོང་གི་ཡོད་རེད། དོན་དུའང་དེ་ག་རང་ཆགས་བསྡད་པ་མ་ཟད། ཤིང་རྟའི་སྲོལ་འབྱེད་ཆེན་པོ་ཞིག་ཆགས་བསྡད་ཡོད་རེད། ཐོག་མར་བཙན་བྱོལ་ནང་སླེབས་པའི་སྐབས། བོད་ཀྱི་ནང་ཆོས་དེ་ (Lamaism) བླ་མའི་ཆོས་ལུགས་ཞེས་བླ་མ་སོ་སོས་ལམ་ལུགས་བཟོས་པ་འདྲ་པོ། ཁུངས་དང་ལུང་མེད་པ་འདྲ་པོར་གོ་བ་ལེན་མཁན་མང་པོ་བྱུང་ཡོད་རེད། དང་ཐོག་༧སྐྱབས་མགོན་རིན་པོ་ཆེས་འཛམ་གླིང་ནང་གི་ཆོས་ལུགས་ཚང་མར་ཐུགས་རྒྱུས་གང་ཙམ་གནང་བ་དང་། ལྷག་པར་དུ་བོད་པའི་ནང་ཆོས་དེ་དཔལ་ན་ལན་ཌའི་གཙུག་ལག་ཁང་ནས་བྱུང་བ་ཞིག་ཡིན་པ། ནང་ཆོས་ཀྱི་ལྟ་གྲུབ་དང་། ཆོས་འབྲེལ་མང་པོ་ཞིག་གནང་སྟེ། ནང་ཆོས་ཀྱི་ལྟ་གྲུབ་དང་། ཚན་རིག ཆོས་ལུགས་ཞེས་སྡེ་ཚན་གསུམ་དུ་དབྱེ་བ་ཕྱེ་ཞིང་། དེའི་ནང་ནས་སེམས་ཁམས་རིག་པའི་ཐོག་ནས་དྲན་པ་ཉེར་བཞག་དང་། སྒོམ་གྱི་སྐོར་སོགས་ཀྱི་ཐོག་ཚན་རིག་པ་མང་པོས་ཞིབ་འཇུག་དང་ཐུགས་སྣང་གནང་ནས་དམིགས་བསལ་གྱིས་འགྲོ་བ་མིའི་སྤྱི་ཚོགས་ནང་ཕན་ཐོགས་ཐུབ་པ་ཆགས་བསྡད་ཡོད་རེད། དེ་ཡང་གཙོ་བོ་༧སྐྱབས་མགོན་རིན་པོ་ཆེས་ཐུགས་ཁུར་ཆེ་བཞེས་གནང་ནས་བྱུང་བ་རེད། དེ་བཞིན་བོད་ཀྱི་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་ཡོངས་རྫོགས་ཀྱི་ཐོག་ལའང་རྒྱུན་མ་ཉམས་པར་སླར་གསོ་ཡོང་ཐུབ་རྒྱུར་༧སྐྱབས་མགོན་རིན་པོ་ཆེས་ཧ་ལས་པའི་བཀའ་དྲིན་བསྐྱངས་ཡོད་པའི་སྐོར་གསུངས་གནང་སོང་།

གཞན་ཡང་མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག མཁན་ཟུར་བྱ་དོ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག་བཅས་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་དང་།  རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ནས་མཛད་སྒོ་ངོ་སྤྲོད་དང་། ཞ་ལུ་དགོན་པའི་དགེ་བཤེས་རྣམ་རྒྱལ་ལགས་ནས་ཕྱག་དཔེའི་སྐོར་ངོ་སྤྲོད་གནང་ཡོད་པ་བཅས། །