དཔལ་ལྡན་ཚོགས་གཙོ་མཆོག་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་སྐུ་མ་ཌེ་ལི་ཡན་ ཨལ་བྷ་རེ་ཡེཊ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་གནང་བ།

༄༅། ། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་དང་། བུད་མེད་ཕྱི་སྲིད་དྲུང་ཆེ་གནང་མཁན་ཐོག་མ་ལྕམ་སྐུ་མ་ཌེ་ལི་ཡན་ ཨལ་བྷ་རེ་ཡེཊ་ (Madeleine Albright) མཆོག་དགུང་གྲངས་ ༨༤ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༤ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། དམ་པ་ཁོང་གི་བུ་མོས་གཙོས་ནང་མི་ལྷན་རྒྱས་ཡོངས་ལ་ཐུགས་གསོ་ཞུས་གནང་འདུག

དམ་པ་ཁོང་གི་བུ་མོ་ལྕམ་སྐུ་ཨེ་ལི་སི་ པེ་ཊར་སན་ ཨལ་བྷ་རེ་ཡེཊ་ (Alice Patterson Albright) ལགས་ལ་བསྐུར་བའི་ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། སྐུ་ཉིད་ཀྱི་ཡུམ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་སྐུ་མ་ཌེ་ལི་ཡན་ ཨལ་བྷ་རེ་ཡེཊ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཐོས་འཕྲལ་ང་ཚོ་ཚང་མ་ཧ་ཅང་གི་བློ་ཕམ་བྱུང་། ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཁྱེད་ནང་མི་ལྷན་རྒྱས་ལ་ཐུགས་གསོ་ཞུ་རྒྱུ་ཡིན།

ལྕམ་སྐུ་མ་ཌེ་ལི་ཡན་ ཨལ་བྷ་རེ་ཡེཊ་མཆོག་གིས་ཨ་རིའི་གཞུང་དང་། མི་མང་གི་བདེ་དོན་ཆེད་སྲི་ཞུ་རྣམ་དག་ཞུས་ཏེ་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་ཡོད། ལྕམ་སྐུ་ཁོང་གིས་རྒྱལ་ཁབ་དང་མི་མང་ཆེད་བཞག་པའི་མཛད་རྗེས་རྣམས་ཚང་མས་རྟག་ཏུ་དྲན་ངེས་ཡིན།

གཞན་ཡང་ལྕམ་སྐུ་ཁོང་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་ཕྱག་ལས་གནང་སྐབས་བོད་ཀྱི་རྩ་དོན་ཐོག་ཐུགས་ཁུར་དང་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པ་མ་ཟད། སྐབས་དེའི་སྲིད་འཛིན་ཁི་ལིན་ཊོན་འོག ལྕམ་སྐུ་ཁོང་གིས་ཕྱི་ལོ་ ༡༩༩༧ ཟླ་ ༡༠ པའི་ནང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་པོ་སྐུ་ཞབས་གྷེ་རིག་ ཁེ་རེག་ (Mr. Greg Craig) མཆོག་བསྐོ་གཞག་གནང་ཡོད། དེ་བཞིན་ལྕམ་སྐུ་ཁོང་གིས་སྐབས་དེའི་རྒྱ་ནག་སྲིད་འཛིན་ཅང་ཛི་མིན་ལ་ཨ་རིའི་གཞུང་གི་ངོས་ནས་བོད་ཀྱི་གནད་དོན་གལ་ཆེར་བརྩིས་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གི་ངོས་ནས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་གྲོས་མོལ་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད།

དེ་བཞིན་ལྕམ་སྐུ་ཁོང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐེངས་ཁ་ཤས་མཇལ་འཕྲད་ཞུས་གནང་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་གིས་ལྕམ་སྐུ་ཁོང་ནས་བོད་ཀྱི་གནད་དོན་ཐོག་ལ་ཐུགས་ཁུར་ཆེ་བཞེས་གནང་བར་བསྔགས་བརྗོད་གནང་ཡོད། ལྕམ་སྐུ་ཁོང་གིས་བོད་ཀྱི་བདེན་པའི་རྩ་དོན་ཐོག་རྒྱབ་སྐྱོར་གནང་བ་དེ་བཞིན་བོད་མི་ཚང་མས་རྟག་ཏུ་དྲན་ངེས་ཡིན། ལྕམ་སྐུ་ཁོང་སྐུ་གཤེགས་པ་དེས་བོད་ཀྱི་བློ་ཉེ་བའི་གྲོགས་པོ་ཞིག་མེད་པ་ཆགས་ཡོད། ངས་སླར་ཡང་ཁྱེད་ནང་མི་ལྷན་རྒྱས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །

Menu