དཔལ་ལྡན་ཚོགས་གཙོ་མཆོག་གིས་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཀིམ་བྷར་ལེ་ཀིཊ་ཆིན་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་ཞུས་པ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༠ ཉིན་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཀིམ་བྷར་ལེ་ཀིཊ་ཆིན་ (Kimberley Kitching) མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། དེ་རིང་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། དམ་པ་ཁོང་གི་སྐུ་ཟླ་སྐུ་ཞབས་ཨན་ཌི་རེའོ་ལན་ཌར་ཡོ་ (Andrew Landeryou) ལགས་ཀྱིས་གཙོས་ནང་མི་ལྷན་རྒྱས་ཡོངས་ལ་ཐུགས་གསོ་ཞུས་གནང་འདུག

དམ་པ་ཁོང་གི་སྐུ་ཟླ་སྐུ་ཞབས་ཨན་ཌི་རེའོ་ལན་ཌར་ཡོ་ལགས་ལ་བསྐུར་བའི་ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། སྐུ་ཉིད་ཀྱི་སྐུ་ཟླ་ལྕམ་སྐུ་ཀིམ་བྷར་ལེ་ཀིཊ་ཆིན་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཐོས་འཕྲལ་ང་ཚོ་ཚང་མ་ཧ་ཅང་གི་བློ་ཕམ་བྱུང་། ངས་ཁྱེད་ནང་མི་ལྷན་རྒྱས་ལ་ཐུགས་གསོ་ཞུ་རྒྱུ་ཡིན།

ལྕམ་སྐུ་ཁོང་ནི་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡིན་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོའི་འཐབ་རྩོད་པ་ཞིག་ཀྱང་ཡིན། དེ་བཞིན་དམ་པ་ཁོང་སྐུ་འཚོ་བཞུགས་སྐབས་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་ཅིང་། བོད་དོན་དང་འབྲེལ་བའི་ལས་འགུལ་ཐོག་ཆ་ཤས་མང་པོ་བཞེས་མཁན་གྱི་བོད་ཀྱི་བློ་ཉེ་བའི་གྲོགས་པོ་ཞིག་ཡིན། ཁོང་གིས་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གནང་བ་དེས། ཁོང་ནི་དྲང་བདེན་ཕྱོགས་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་གསལ་པོ་མཚོན་ཐུབ། ཕྱི་ལོ་ ༢༠༡༩ ཟླ་ ༡༡ པའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཨོ་སི་ཀྲོ་ལི་ཡའི་རྒྱལ་ཁབ་ནང་བོད་དོན་ཞུ་སྐུལ་ཕེབས་སྐབས་ལྕམ་སྐུ་ཁོང་དང་ལྷན་མཇལ་མོལ་གནང་རྒྱུ་བྱུང་བ་མ་ཟད། སྐབས་དེར་ཁོང་གིས་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད།

ལྕམ་སྐུ་ཀིམ་བྷར་ལེ་ཀིཊ་ཆིན་མཆོག་སྐུ་གཤེགས་པ་དེས་ཨོ་སི་ཀྲོ་ལི་ཡའི་གཞུང་མང་གཉིས་ལ་གྱོང་གུད་ཆེན་པོ་ཕོག་པ་ཟད། བོད་མི་རྣམས་ལའང་དེ་ལྟར་གྱོང་གུད་ཕོག་ཡོད་ཅེས་འཁོད་འདུག་པ་བཅས། །