དཔལ་ལྡན་ཚོགས་གཙོ་མཆོག་འབྲས་ལྗོངས་ས་གནས་ལུགས་གཤའ་མར་བདེ་བར་གཤེགས་པ་༧སྐྱབས་རྗེ་རྡོ་གྲུབ་ཆེན་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་ཐོག་ཆེད་བཅར་གྱིས་གང་གི་ཞལ་སློབ་དང་སྐུ་འཁོར་བཅས་ལ་ཐུགས་གསོ་གནང་བ།


༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༨ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་འབྲས་ལྗོངས་ས་གནས་ལུགས་གཤའ་མར་ (Lugshyama) བདེ་བར་གཤེགས་པ་༧སྐྱབས་རྗེ་རྡོ་གྲུབ་ཆེན་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་ཐོག་ཆེད་བཅར་དང་། གང་གི་ཞལ་སློབ་དང་སྐུ་འཁོར་བཅས་ལ་ཐུགས་གསོ་ཞུས་གནང་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཚེས་ ༧ ཉིན་རྒྱལ་ས་ལྡི་ལི་ནས་འབྲས་ལྗོངས་པཱ་སྐྱོང་ (Pakyong) གནམ་ཐང་དུ་ཕེབས་འབྱོར་མཚམས། འབྲས་ལྗོངས་མངའ་སྡེའི་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་སྐུ་ཞབས་ནཱ་རཱ་ཡན་ པར་དྷན་ (Narayan Pradhan) ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་། ས་གནས་ཆུ་སྒང་ཚོགས་གཙོ་སོགས་ནས་ཕེབས་བསུའི་སྣེ་ལེན་དང་། དེ་བཞིན་གནམ་ཐང་ (VIP lounge) ནང་དེ་གའི་གནམ་ཐང་འགན་འཛིན་བཅས་ནས་ཕེབས་བསུའི་སྣེ་ལེན་གནང་བ་དང་། དེ་ནས་འབྲས་ལྗོངས་སྒང་ཏོག་བོད་ཀྱི་གསོལ་མགྲོན་ཁང་དུ་ཕེབས་འབྱོར་མཚམས། ས་གནས་དགོན་སྡེ་ཁག་གི་སྐུ་ཚབ་དང་། ས་འཐུས་ཚོགས་གཞོན་གཙོས་འཐུས་མི་ཁག་ཅིག རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ས་གནས་དབུས་གཙང་དང་མདོ་སྨད་ཆོལ་ཁའི་ཚོགས་གཙོ་དང་། ས་གནས་གཞོན་ནུ་ཚོགས་པ་དང་། བུད་མེད་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན། ས་གནས་འགོ་འཛིན་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད།

དེ་ཉིན་དགོང་མོར་ས་གནས་རང་བདེན་ཚོགས་ཆུང་དང་། ས་གནས་ཆོལ་ཁ་གསུམ། ས་གནས་གཞོན་ནུ་ཚོགས་པ་དང་། བུད་མེད་ཚོགས་པ་བཅས་ཚོགས་པ་ཁག་དྲུག་གི་ཚོགས་གཙོ་ཚོགས་གཞོན་སོགས་ལྷན་འཛོམས་ཀྱིས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ལ་དགོང་དྲོའི་གསོལ་སྟོན་བཤམས་པ་དང་། སྐབས་དེར་རྒྱ་གར་དབུས་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་མི་རིན་ཆེན་ལྷ་མོ་ (Smt. Rinchen Lhamo, Member of the National Commission For Minorities, Government of India) ལགས་དང་། འབྲས་ལྗོངས་གཞུང་གི་ལས་བྱེད། གཞན་ཡང་འབྲེལ་ཡོད་ལས་བྱེད་ཁག་ཅིག་བཅས་ཆེད་བཅར་གནང་འདུག

ཕྱི་ཚེས་ ༨ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་འབྲས་ལྗོངས་ས་གནས་ལུགས་གཤའ་མར་ཞིང་གཤེགས་༧སྐྱབས་རྗེ་རྡོ་གྲུབ་ཆེན་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་དང་། དེ་བཞིན་གང་གི་ཞལ་སློབ་དང་སྐུ་འཁོར་བཅས་ལ་ཐུགས་གསོ་བཅས་ཀྱི་སླད་ཆེད་བཅར་གནང་སྐབས། མཆོད་རྟེན་དགོན་པའི་ཚོགས་གཙོ་ལ་ཆུང་སྤྲུལ་སྐུ་རིན་པོ་ཆེ། འབྲས་ལྗོངས་མངའ་སྡེའི་གཞུང་གི་ཆོས་དོན་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་པ་སངས་ཌི་པེམ་བུ་ (Dr. Passang D. Phempu, Secretary of Ecclesiastical Department) ལགས་དང་། ཞིང་གཤེགས་དམ་པའི་སྐུ་སྒེར་དྲུང་ཡིག་བླ་མ་དཀོན་མཆོག་ཡོན་ཏན་ལགས། མཆོད་རྟེན་དགོན་པའི་དགེ་རྩ་ཚོགས་པའི་དགེ་རྩའི་མ་དངུལ་དོ་དམ་པ་སྐུ་ཞབས་སི་ ཨེལ་ འབྲས་ལྗོངས་པ་ (C.L. Denzongpa, Trustee, Dodrupchen Chorten Trust) སོགས་ནས་ཕེབས་བསུའི་སྣེ་ལེན་གནང་ཡོད།

དེ་ནས་དཔལ་ལྡན་ཚོགས་གཙོ་མཆོག་གིས་བདེ་བར་གཤེགས་པ་༧སྐྱབས་རྗེ་རྡོ་གྲུབ་ཆེན་སྐུ་ཕྲེང་བཞི་པ་འཇིགས་མེད་ཐུབ་བསྟན་ཕྲིན་ལས་དཔལ་བཟང་པོ་མཆོག་གི་སྐུ་གདུང་རིན་པོ་ཆེའི་མདུན་དུ་ཕྱག་འཚལ་དང་། སྣང་གསལ་ཞལ་ཕྱེ། མཇལ་དར་ཕུལ་བ་དང་གསོལ་འདེབས་སྨོན་ལམ་བཅས་ཞུས་རྗེས། གཟིམ་ཆུང་གི་ཚོམས་ཆེན་དུ་གོང་གི་གནད་ཡོད་མི་སྣ་རྣམས་ལྷན་འཛོམས་སར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐུགས་གསོའི་ཡིག་ཆུང་དང་། དགོངས་རྫོགས་མཆོད་འབུལ་དོད་བཅས་ཕུལ་ཏེ། གང་གི་འབྲེལ་ཡོད་ཞལ་སློབ་ཡོངས་ལ་ཐུགས་གསོ་ཞུས་པ་དང་། ༧སྐྱབས་རྗེ་བདེ་བར་གཤེགས་པའི་ཐུགས་ཀྱི་དགོངས་བཞེད་རྣམས་མུ་མཐུད་ཐུགས་ཁུར་བསྐྱེད་བཞེས་དགོས་པའི་ཞབས་སྐུལ་བཅས་ཞུས་གནང་ཡོད།

སྐབས་དེར་༧སྐྱབས་རྗེ་ཞིང་གཤེགས་དམ་པའི་སྐུ་སྒེར་དྲུང་ཡིག་བླ་མ་དཀོན་མཆོག་ཡོན་ཏན་ལགས་ནས་༧སྐྱབས་རྗེ་རིན་པོ་ཆེ་མཆོག་དགོངས་པ་ཇི་ལྟར་རྫོགས་ཚུལ་དང་། གང་གི་ཞལ་སློབ་གཙོ་བོ་ཁག་དང་འབྲེལ་ཡོད་ཚང་མས་དགོངས་མཐུན་བྱུང་བ་བཞིན་སྐུ་གདུང་རིན་པོ་ཆེ་དུས་ཇི་སྲིད་བར་བཞུགས་སུ་གསོལ་རྒྱུ་ཡིན་གནས་སྐོར་དང་། ༧སྐྱབས་རྗེ་ཞིང་གཤེགས་དམ་པའི་དགུང་ཞག་ཆ་ཚང་འབྲས་ལྗོངས་མངའ་གཞུང་ནས་འགྲོ་གྲོན་དང་། གོ་སྒྲིག་གི་འགན་བཞེས་བཞིན་ཡོད་པ། འབྲས་ལྗོངས་ཀྱི་དགོན་ཆེན་ཁག་དྲུག་ནས་བདུན་ཕྲག་རེར་དགོངས་རྫོགས་མཆོད་འབུལ་རེས་མོས་འཚོགས་ཀྱི་ཡོད་པ་བཅས་གསུངས་གནང་བ་དང་། དེ་བཞིན་ས་གནས་བོད་མིའི་ཚོགས་པ་ཁག་དྲུག་ནས་དགོངས་རྫོགས་མཆོད་འབུལ་སྐབས་མཆོད་པའི་ཞལ་བཟས་བཞེངས་གནང་བ་སོགས་གང་ལེགས་གནང་བར་མངའ་གཞུང་དང་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུས་གནང་ཡོད།

དེ་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་དེ་གའི་གཙུག་ལག་ཁང་དུ་དགོངས་རྫོགས་མཆོད་འབུལ་ཚོགས་བཞིན་པར་མཇལ་ཁ་ཞུས་གནང་ཡོད།

ཉིན་རྒྱབ་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་དུ་ཆེད་བཅར་གྱིས་འགྲེམས་སྟོན་ཁང་དུ་སྐུ་རྟེན་རྙིང་པ་དང་། ཞལ་ཐང་། བཀའ་བསྟན་འགྱུར། གསུང་འབུམ་ཁག གཞན་ཡང་ལོ་རྒྱུས་དང་འབྲེལ་བའི་དངོས་རྫས་སོགས་ལ་གཟིགས་ཞིབ་གནང་བ་དང་།

དེ་ནས་རྣམ་རྒྱལ་གསོ་རིག་མཐོ་སློབ་ཁང་དུ་ཆེད་ཕེབས་གནང་སྟེ། དེ་གའི་བརྟག་དཔྱད་ཁང་དང་། གསོ་བཅོས་ཁང་། སྨན་སྦྱོར་གནང་སར་བཅས་ལ་གཟིགས་སྐོར་ཕེབས་ཤིང་། དེ་གའི་འགན་འཛིན་གཞོན་པ་ཆོས་སྐྱིད་ལགས་དང་། སྨན་དགེ་བཅས་ནས་གསོ་རིག་མཐོ་སློབ་ཁང་གི་ལས་འཆར་སོགས་ངོ་སྤྲོད་གནང་རྗེས། གུ་རུ་ལྷ་ཁང་བཅས་ལ་མཆོད་མཇལ་ཕེབས་གནང་ཡོད།

ཕྱི་ཚེས་ ༩ ཉིན་སྔ་དྲོ་འབྲས་ལྗོངས་མངའ་སྡེའི་གཞུང་གི་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་དང་། གནམ་ཐང་གི་འགན་འཛིན། ས་འཐུས་ཚོགས་གཙོ། ལས་དྲུང་བཅས་ནས་འབྲས་ལྗོངས་པཱ་སྐྱོང་ (Pakyong) གནམ་ཐང་ནས་ཕེབས་སྐྱེལ་གནང་སྟེ། རྒྱལ་ས་ལྡི་ལིར་ཕྱིར་ཕེབས་དང་། ཕྱི་ཚེས་ ༡༠ ཉིན་སྔ་དྲོ་བཞུགས་སྒར་དུ་ཕེབས་འབྱོར་གནང་ཡོད་པ་བཅས། །

Menu