དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་བ།

༄༅། །འཇིག་རྟེན་ཞི་བདེའི་དེད་དཔོན་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས། དེ་རིང་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་ཆིབས་བསྒྱུར་གནང་མཁན་དཔལ་ལྡན་སྲིད་སྐྱོང་མཆོག་དང་། དཔལ་ལྡན་བོད་མི་མང་ཚོགས་གཙོ་གཞོན་པས་དབུས་པའི་བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་ཚང་མ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་བཞིན་ང་ཚོའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཉིད་ཀྱི་རྩ་འཛིན་ཞུ་རྒྱུའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་འགན་དབང་བསྐུར་བ་གཙོ་བོ་དེ་བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་བདེ་དོན་ལ་གཟིགས་སྐྱོང་བྱ་རྒྱུ། གནས་སྐབས་བོད་ནང་གི་བོད་མིའི་དཀའ་ངལ་སེལ་རྒྱུ། དེ་བཞིན་བོད་ཀྱི་ཁོར་ཡུག་གི་གནས་སྟངས་ལ་སོགས་པའི་ཐོག་བཙན་བྱོལ་སྒྲིག་འཛུགས་འཛིན་སྐྱོང་གི་ཐོག་ནས་ཡིན་ནའང་འདྲ། དེ་ག་ནང་བཞིན་གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཡིན་ནའང་འདྲ། དེའི་ཐོག་ནས་འགྲོ་ཐུབ་དགོས་པ་ནི་ང་ཚོར་བཅའ་ཁྲིམས་ཀྱིས་བསྐུར་བའི་ལས་འགན་གལ་ཆེ་བ་དེ་ཆགས་བསྡད་ཡོད་པ་རེད། དང་པོ་འདི་འབོད་སྐུལ་ཞུ་རྒྱུ་ཡིན།

ད་ལྟ་སྐབས་བཅུ་བདུན་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ར་བའི་ནང་དུ་དེ་སྔ་འཐུས་མི་བྱེད་མ་མྱོང་བ་གསར་དུ་ཕེབས་པ་གྲངས་ ༡༨ དང་། དེ་སྔ་གྲོས་ཚོགས་ཀྱི་འཐུས་མི་བྱེད་མྱོང་བ་དང་བསྐྱར་དུ་སྐབས་བཅུ་བདུན་ནང་དུ་ཕེབས་པ་གྲངས་  ༢༧ ཆགས་བསྡད་ཡོད། དེ་སྔ་གྲོས་ཚོགས་ལ་ཕེབས་མྱོང་མཁན་ཡིན་ནའང་འདྲ། གྲོས་ཚོགས་སུ་དེ་སྔ་ཕེབས་མ་མྱོང་མཁན་ཡིན་ནའང་འདྲ། ད་ལྟ་ང་ཚོའི་སྤྱི་ཚོགས་ནང་དུ་བོད་བསྟན་སྲིད་གཉིས་ཀྱི་ཆེད་དུ་ཕྱག་ལས་གནང་མཁན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཕྱོགས་གཅིག་ནས་ནང་པ་སངས་རྒྱས་པའི་ཆོས་ཕྱོགས་ནས་ཞུས་པ་ཡིན་ན། ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པའི་ཆ་ནས་ང་རང་ཚོ་མཉམ་དུ་ལས་ཀ་ལས་རྒྱུའི་གོ་སྐབས་ཤིག་བྱུང་བ་རེད། ཕྱོགས་གཅིག་ནས་བསམ་བློ་བཏང་བ་ཡིན་ན། བོད་མི་ས་ཡ་དྲུག་ཟེར་ནའང་མི་འདུག བོད་མིའི་ལས་དབང་གིས་ང་རང་ཚོ་ལས་དོན་གཅིག་གི་ཐོག་ལ་མཉམ་དུ་འཛོམས་ཏེ་ནུས་པ་འདོན་དགོས་རྒྱུའི་དུས་ཚོད་ཅིག་ཆགས་བསྡད་ཡོད་པ་རེད། དེར་བརྟེན་དེ་ཚོ་ཆ་ཚང་ཐུགས་ལ་བཅངས་ནས་སྤྱི་པའི་ལས་དོན་གྱི་ཐོག་ལ་ནུས་པ་མཉམ་སྤུངས་བྱེད་ཐུབ་དགོས་རྒྱུ་ནི་གལ་ཆེན་པོའི་ནང་གི་ཆེ་ཤོས་ཤིག་ལ་རྩིས་ཀྱི་ཡོད། དེ་ཐུགས་ལ་ཉར་རོགས་གནང་ཞེས་ཞུ་རྒྱུ་ཡིན།

དེ་ནས་དེ་རིང་གྲོས་ཚོགས་ཚོགས་དུས་དང་པོའི་ལས་རིམ་ནང་དུ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲངས་ ༨ ཡོད། དེའི་ནང་ནས་མང་ཆེ་བ་དེ་སྔ་བོད་དོན་གྱི་ཐོག་ལ་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་རྒྱབ་སྐྱོར་བྱེད་མྱོང་མཁན་ཤ་སྟག་ཅིག་དང་། དེ་བཞིན་ང་ཚོའི་སྤྱི་ཟུར་འདས་པ་གྲངས་ ༢ བཅས་ཀྱི་གྲོས་ཆོད་གྲངས་ ༨ དང་། དེའི་རྗེས་སུ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཅིག་ཕེབས་ཀྱི་ཡོད་པ་རེད། དེར་བརྟེན་ང་ཚོས་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དེའི་ཐོག་ནས། ད་ལྟ་འཛམ་བུ་གླིང་གི་ཆབ་སྲིད་ཀྱི་གནས་སྟངས་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་པ་རེད། དེ་བཞིན་རྒྱ་ནག་གི་ཆབ་སྲིད་ཀྱི་གནས་བབ་ལའང་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་པ་རེད། རྒྱ་ནག་གི་ཆབ་སྲིད་ལ་འགྱུར་བ་འགྲོ་བའི་མཉམ་དུ་བོད་ནང་གི་དཔལ་འབྱོར་དང་རིག་གཞུང་། ཆོས། ཆབ་སྲིད། ཁོར་ཡུག།གང་ཅིའི་ཐོག་ལ་རང་བཞིན་གྱི་འགྱུར་བ་འགྲོ་བསྡད་པ་ཆོས་ཉིད་ཆགས་བསྡད་ཡོད་པ་རེད། དེར་བརྟེན་དེ་ཚོའི་ཐོག་ལ་ང་ཚོའི་བསམ་ཚུལ་སྤུངས་རྒྱུ་དང་། མ་འོངས་པར་ང་རང་ཚོའི་ངོས་ནས་ནུས་པ་མཉམ་སྤུངས་ཀྱི་ལས་འགུལ་རེད། དེ་ག་ནང་བཞིན་འབོད་སྐུལ་ཞུ་རྒྱུ་རེད། ཞུ་གཏུག་བྱ་རྒྱུ་རེད། དེ་ཚོའི་གྲས་གང་འདྲ་དགོས་ཀྱི་ཡོད་མེད། རྣམ་པ་ཚོས་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་འདིའི་ཐོག་ནས་དགོངས་ཚུལ་གསུང་རྒྱུའི་གོ་སྐབས་ཡོད་པ་རེད། དེ་གཅིག་ཞུ་རྒྱུ་ཡིན།

དེ་བཞིན་འཛིན་སྐྱོང་བཀའ་ཤག་ཡིན་ནའང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུ་ཁྲིད་པའི་འཛིན་སྐྱོང་བཀའ་ཤག་ལྷན་རྒྱས་ཡོད་མ་རེད་དེ། གང་ལྟར་བཀའ་ཤག་གསར་པ་ཕེབས་ཡོད་པ་རེད། བཀའ་ཤག་གི་ཐོག་མར་གསལ་བཤད་ཅིག་ཡོད་གསུང་གི་འདུག གསལ་བཤད་དེའང་ཡིག་ཐོག་ནས་ཕུལ་ཡོད་པ་རེད། རྣམ་པ་ཚོའི་ལས་རིམ་ནང་དུ་བཅུག་ཡོད་པ་རེད། དེའི་ཐོག་ལ་བགྲོ་གླེང་གི་ཆ་ཤས་བཞེས་མཁན་ཡོད་ན་གོ་སྐབས་འབུལ་རྒྱུའི་གྲ་སྒྲིག་ཞུས་ཡོད།

དེའི་རྗེས་ལ་བཅའ་ཁྲིམས་བསྐྱར་བཅོས་ཕེབས་ཀྱི་ཡོད་པ་རེད། ཁྲིམས་ཞིབ་ཁང་གི་འོས་ཆོད་དང་འབྲེལ་བ་ཡོད་པ། དེའང་ང་ཚོས་གནད་འགག་གཅིག་ལ་རྩིས་ནས། ཁ་སང་ཚོགས་གཙོ་དང་ཚོགས་གཞོན་གྱི་དམ་བཅའ་ཕུལ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་ཚོགས་གཙོའི་ལས་ཁུངས་སུ་ཕེབས་ནས། དེ་སྔ་ལས་དོན་གནང་བ་དང་། གནང་རྒྱུ་བསྡད་པ། གནང་བཞིན་པ་དེ་ཚོའི་གྲས་གསུངས་བ་དང་མཉམ་དུ་བཅའ་ཁྲིམས་བསྐྱར་བཅོས་དེའང་གལ་ཆེན་པོ་ཆགས་ཀྱི་འདུག་ཟེར་ནས། ད་ལྟ་འཛིན་སྐྱོང་གི་ཆ་ནས་རྒྱབ་སྐྱོར་བྱེད་མཁན་མ་འདེང་བའི་ཆ་ནས་རྒྱུན་ལས་ནས་འཁུར་རོགས་བྱོས་གསུངས་པ་ལྟར། ཁ་སང་རྒྱུན་ལས་ནང་དུ་གོ་བསྡུར་བྱེད་ཡོང་དུས་མང་མོས་ཀྱི་ཐོག་ནས་ཁུར་བ་ཞིག་ཆགས་བསྡད་ཡོད་པ་རེད། དེའང་དེ་རིང་གྲོས་ཚོགས་ཚོགས་དུས་དང་པོ་ལ་ཁུར་ཡོད་ཅེས་ཞུ་རྒྱུ་ཡིན།

དེ་ག་ནང་བཞིན་གལ་ཆེ་བ་ཞིག་དཔལ་ལྡན་སྲིད་སྐྱོང་མཆོག་གི་ཕྱག་རོགས་བཀའ་བློན་འོས་འདེམས་ཞུ་རྒྱུའི་ལས་རིམ་དེ་རིང་གྲོས་ཚོགས་འདིའི་ནང་དུ་བསླེབ་ཡོང་གི་ཡོད་པ་རེད། དེར་ཚང་མས་རྣམ་དཔྱོད་བསྟན་ནས་བཀའ་བློན་འདེམས་ཐོན་ཞུ་ཐུབ་དགོས་རྒྱུ་དང་། སོ་སོའི་རྣམ་དཔྱོད་ལ་དཔགས་པའི་ཆ་ཤས་བཞེས་དགོས་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་ཅེས་གཅིག་དེ་ཞུ་རྒྱུ་ཡིན།

དེ་ནས་དེའི་རྗེས་ལ་༸སྐྱབས་མགོན་རིན་པོ་ཆེ་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་གྲོས་ཆོད་ཅིག་བསྣམས་ཕེབས་ཡོད་པ་རེད། རྣམ་པ་ཚོ་ཚང་མས་མཁྱེན་གྱི་ཡོད་པ་རེད། བར་ལམ་ང་ཚོའི་སྤྱི་ཚོགས་དང་སྒྲིག་འཛུགས་ཀྱི་གནས་སྟངས་རེད། གང་ཅིའི་ཐད་དཀའ་ངལ་ཆེ་ཆུང་སྣ་ཚོགས་པ་ཞིག་འཕྲད་པ་རེད། གྲོས་ཚོགས་ཚོགས་མ་ཐུབ་ནས་ཟླ་བ་ ༤ ཙམ་ལྷག་པ་རེད། དེ་ཡིན་དུས་ང་ཚོའི་གྲོས་ཚོགས་བདམས་ཐོན་འཐུས་མི་ནང་ཁུལ་ལྷན་ཚོགས་གནང་ནས། ང་རང་ཚོའི་ངོས་ནས་ལྷག་བསམ་རྣམ་དག་གིས་ནུས་པ་བསྟན་པ་རེད། མཐའ་མར་གཅིག་གྱུར་གྱི་བློ་མཉམ་པ་ཞིག་མ་རག་དུས། ཕལ་སྐད་ལྟ་བུ་ཞུས་པ་ཡིན་ན། འུ་ཐུག་ཐབས་ཟད་ལྟ་བུའི་གནས་སྟངས་ཆགས་ནས་༸སྐྱབས་མགོན་རིན་པོ་ཆེ་མཆོག་ལ་མཛད་དཀའ་མ་ཞུས་ཐབས་མེད་ཀྱི་གནས་སྟངས་འདི་ཆགས་པ་རེད། བཅའ་ཁྲིམས་དོན་ཚན་དང་པོའི་དགོངས་དོན་གྱི་ཐོག་ནས་༸སྐྱབས་མགོན་རིན་པོ་ཆེ་མཆོག་ལ་ཡར་མཚན་འཁོད་སྙན་ཞུའི་ཐོག་ནས་སྙན་གསན་ཞུས་ནས། དེའི་རྗེས་ལ་བཀའ་ཡིག་རིན་པོ་ཆེ་གནང་བ་གཞིར་བཟུང་གི་ཐོག་ནས་གྲོས་ཚོགས་འདི་རྒྱུན་ལྡན་ལྟར་འགྲོ་ཐུབ་རྒྱུའི་གནས་སྟངས་ཆགས་པ་རེད། དེའང་༸སྐྱབས་མགོན་རིན་པོ་ཆེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཡིན་དུས། ང་ཚོས་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་གཅིག་དང་། དེ་དང་འབྲེལ་ནས་བར་ལམ་གྱི་གནས་སྟངས་ཀྱི་ཐོག་ནས་༸སྐྱབས་མགོན་རིན་པོ་ཆེ་ཐུགས་དམ་སད་རྐྱེན་བྱུང་བ་བཀའ་ཡིག་ནང་དུ་གསལ་ཡོད་པ་རེད། དེ་ཚོའི་ཐོག་ལ་མཐོལ་བཤགས་ཞུ་རྒྱུ་དང་། རྒྱ་ཆེའི་མང་ཚོགས་ལ་ཡིན་ནའང་གཟོད་གསོལ་ཞུ་རྒྱུ། ང་རང་ཚོའི་མ་འོངས་པའི་ལས་དོན་ཐོག་ལ་ནུས་པ་མཉམ་སྤུངས་ཡོང་ཐུབ་རྒྱུ། ཚང་མས་ཕྱར་གྲུ་མཉམ་འདེགས་ཞུ་ཐུབ་དགོས་རྒྱུ། ལས་ཀྱི་སྣེ་མོ་བ་གཙོས་པའི་རྒྱ་ཆེའི་མང་ཚོགས་དང་བཅས་པས་འགན་འཁུར་བཞེས་དགོས་རྒྱུའི་གནས་སྟངས་ཆགས་ཡོད་པ་རེད། དེའི་ཆ་ནས་གྲོས་ཆོད་དེ་གལ་ཆེན་པོ་རྩིས་བཞིན་ཡོད། ད་ལྟ་གྲོས་ཚོགས་ཚོགས་དུས་དང་པོའི་ལས་རིམ་གལ་ཆེ་བ་དེ་ཚོ་གྲས་ཡིན་ཞེས་རྣམ་པ་ཚོར་སྙན་སེང་ཞུ་རྒྱུ་ཡིན།

དེ་བཞིན་རྣམ་པ་ཚོས་མཁྱེན་གྱི་རེད། ང་རང་ཚོའི་གྲོས་ཚོགས་ཀྱི་འགྲོ་སྟངས་འདི་ཕྱོགས་འགལ་ཚོགས་པ་དང་། གཞུང་འཛིན་ཚོགས་པའི་རྣམ་པ་གང་ཡང་ཡོད་པ་མ་རེད། ཡོང་ཁུངས་མ་འདྲ་བའི་ཐོག་ནས་དཀྱིལ་འཁོར་འདིའི་ནང་དུ་ཕེབས་པ་ནས་བཟུང་སྟེ་བོད་ཀྱི་སྤྱི་མི་ཞིག་ཆགས་འགྲོ་ཡི་ཡོད་པ་རེད། དེར་བརྟེན་མཚམས་རེར་དེ་འདྲ་ཡོང་གི་འདུག ང་རང་ཚོའི་གྲོས་ཚོགས་ནང་དུ་ཆོལ་ཁའི་ཐོག་ནས་ཕྱོགས་འགལ་དང་གཞུང་འཛིན་གྱི་རྣམ་པ་ཐོན་པ་དེ་འདྲ་ཡོང་སྡོད་ཀྱི་འདུག དེ་ཚོར་ཐུགས་གཟབ་གནང་ཐུབ་རྒྱུ་གལ་ཆེན་པོ་རེད། ང་ཚོས་ རྣམ་དཔྱོད་སྩལ་དུ་གཏོན་ནས་ལེགས་པའི་ཆ་ག་རེ་ཡིན་ནའང་འཛིན་སྐྱོང་གིས་གནང་བ་ཡིན་ནའང་འདྲ། གྲོས་ཚོགས་ཀྱིས་གནང་བ་ཡིན་ནའང་འདྲ། དེར་ལེགས་བརྗོད་དང་རྒྱབ་སྐྱོར་གནང་ཐུབ་དགོས་རྒྱུ། ཉེས་པའི་ཆ་ག་ནས་ཡོང་བ་ཡིན་ནའང་འཛིན་སྐྱོང་གིས་གནང་བ་ཡིན་ནའང་དེར་ལམ་སྟོན་དང་བྱ་ར་སྟངས་འཛིན་གནང་ཐུབ་དགོས་རྒྱུ། དེ་འདྲ་གྲོས་ཚོགས་ནས་ཡོང་བ་ཡིན་ན་གྲོས་ཚོགས་ཀྱི་ཐོག་ནས་དེར་སྐྱོན་སེལ་དང་ལེགས་བཅོས་བྱེད་ཐུབ་དགོས་རྒྱུ་འདི་ང་ཚོའི་ལས་འགན་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད་དུས། དེ་ཚོ་ཆ་ཚང་རྣམ་པ་ཚོས་དགོངས་པར་བཅང་དགོས་རྒྱུ་གཅིག་དེ་ཆགས་ཀྱི་འདུག་ཞུ་རྒྱུ་ཡིན།

དེ་བཞིན་གྲོས་ཚོགས་ཀྱི་ནང་དུ་ལས་རིམ་མ་འདྲ་བ་མང་པོ་ཞིག་སླེབ་ཡོང་གི་ཡོད་པ་རེད། གཞུང་འབྲེལ་གྱི་ལས་རིམ་སླེབ་ཀྱི་ཡོད་པ་རེད། གྲོས་ཚོགས་ཀྱི་གཞུང་འབྲེལ་ལས་རིམ་སླེབ་ཡོང་གི་ཡོད་པ་རེད། འཛིན་སྐྱོང་གི་གཞུང་འབྲེལ་ལས་རིམ་སླེབ་ཡོང་གི་ཡོད་པ་རེད། སྤྱི་འཐུས་སྒེར་གྱི་ཐོག་ནས་ལས་རིམ་དེ་འདྲ་སླེབ་ཡོང་གི་ཡོད་པ་རེད། ལས་རིམ་སླེབ་པའི་སྐབས་སུ་བསམ་ཚུལ་གཅིག་གྱུར་མ་ཡོང་བ་གསལ་པོ་རེད། བསམ་ཚུལ་མི་འདྲ་བ་ཡོང་གི་རེད། བསམ་ཚུལ་མི་འདྲ་ཡོང་བ་ཡིན་ནའང་། གུས་ཞབས་དང་དེར་ཚིག་རྩུབ་ཤོད་རེས་མི་བྱེད་པ། སོ་སོའི་དགོས་དོན་གསལ་པོ་འདོན་ཐུབ་རྒྱུ་མ་གཏོགས་གཅིག་གིས་གཅིག་ལ་ཚིག་རྒྱག་གཞུ་རྒྱུ་ལ་སོགས་པ་དང་། སྐྱོན་བརྗོད་ལ་སོགས་པ་དེ་འདྲ་ཤུགས་ཆེན་པོ་མ་ཡོང་བའི་གཙོ་དོན་གནང་རོགས་གནོངས་ཞེས་ཞུ་རྒྱུ་ཡིན། གང་ལྟར་བསམ་ཚུལ་མི་འདྲ་བ་གང་ཞིག་ལ་ཐག་གཅོད་དེ་སྤྱི་མོས་དང་མང་མོས་ག་རེ་ཡིན་ནའང་དེའི་ཐོག་ནས་འགྲོ་རྒྱུ་རེད། དེར་དགོངས་པ་བཞེས་ནས་སོ་སོའི་བསམ་ཚུལ་འདོན་ཐུབ་དགོས་རྒྱུ་གནད་འགག་གཅིག་ཆགས་ཀྱི་འདུག་ཞུ་རྒྱུ་ཡིན།

དེ་ནས་བོད་མི་ས་ཡ་དྲུག་གི་རྩ་དོན་ཐབས་རྩོད་ལ་ཚང་མས་ནུས་པ་ཆིག་སྒྲིལ་དང་། དེ་བཞིན་ཚང་མས་ཕྱར་གྲུ་མཉམ་འདེགས་ཞུ་ཐུབ་རྒྱུའི་གནས་སྟངས་ཆགས་བསྡད་ཡོད་པ་རེད། གལ་ཏེ་དེ་ལྟར་ཡོང་བ་ཡིན་ན་བོད་མི་སྤྱིའི་བསོད་ནམས་ཡིན་ནའང་གོང་ཐོར་འགྲོ་ཐུབ་པ། དེ་བཞིན་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་ཡིན་ནའང་ཤུགས་ཆེ་རུ་འགྲོ་ཐུབ་པ། བོད་ཀྱི་ཆོས་དང་སྐད་ཡིག་གི་རིན་ཐང་ཡིན་ནའང་རྒྱལ་སྤྱིའི་ནང་དུ་ཡིན་ནའང་འདྲ། ང་རང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་དུའང་རིན་ཐང་ཆེ་རུ་འགྲོ་རྒྱུ། དེའི་སྟབས་ཀྱི་ཐོག་ནས་བོད་ཀྱི་རྩ་དོན་གྱི་ཐབས་རྩོད་དེའང་དེ་སྔོན་ལས་ལྷག་ནུས་པ་འབུར་དུ་ཐོན་ཐུབ་རྒྱུའི་རེ་བ་དང་ཡིད་ཆེས་བྱེད་ཆོག་པའི་གནས་སྟངས་ཤིག་ཆགས་ཀྱི་རེད། དེ་ཡིན་དུས་གྲོས་ཚོགས་ཀྱི་འཐུས་མི་ཚང་མ་རེད། རིམ་པས་འཛིན་སྐྱོང་བཀའ་ཤག་ཕེབས་ཡོང་གི་རེད། དེ་འདྲའི་ཐོག་ནས་དགོངས་པ་བཞེས་ཏེ་ང་རང་ཚོའི་ལས་དོན་གནང་ཕྱོགས་དེ་འདྲ་ཞིག་གནང་རོགས་གྱིས་ཞེས་ཚོགས་གཙོའི་ཐོག་ནས་གྲོས་ཚོགས་ཀྱི་གཏམ་བཤད་དང་འབྲེལ་ནས་འབོད་སྐུལ་ཞུ་རྒྱུ་ཡིན། ཚོགས་གཙོའི་དབུ་འབྱེད་གཏམ་བཤད་འདི་ནས་མཇུག་སྒྲིལ་རྒྱུ་ཡིན། ཞེས་གསུངས་གནང་ཡོད།