དཔལ་ལྡན་ཚོགས་གཙོ་མཆོག་གི་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་མཇུག་བསྡོམས་གསུང་བཤད།

༄༅། །དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་པའི་དཔལ་ལྡན་བཀའ་བློན་རྣམ་པ། དཔལ་ལྡན་ཚོགས་གཞོན་མཆོག་གིས་དབུས་པའི་བཀུར་འོས་སྤྱི་འཐུས་རྣམ་པ། ཚང་མ་ལ་ཞུ་རྒྱུར་ད་རེས་གྲོས་ཚོགས་ཚོགས་དུས་ ༡༠ པ་འདིའི་ཐོག་ལ་གཞུང་འབྲེལ་མྱ་ངན་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་གྲངས་ ༡༨ ཙམ་བཞག་ཡོད་པ་རེད། གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲངས་ ༡ བཞག་ཡོད་པ་རེད། སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲངས་ ༡ བཞག་ཡོད་པ་རེད། གྲོས་འཆར་གྲངས་ ༣ བྱུང་བ་རེད། བཀའ་ཤག་གི་གསལ་བཤད་གཅིག་བྱུང་བ་རེད། དཔལ་འབྱོར་གྱི་ལས་རིམ་བཞི་བྱུང་བ་རེད། དཔལ་འབྱོར་ལས་རིམ་བཞི་དེ་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་དང་། ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ། བསྐྱར་བཅོས་སྔོན་རྩིས་གཏོང་ལེན་དང་། དེ་ནས་ ༢༠༢༡༌༌༌༢༠༢༢ ལོའི་གཏོང་ལེན་བཅས་ཡིན།

དེ་ནས་དྲི་བ་དྲིས་ལན་གཅིག་བྱུང་བ་རེད། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྙན་ཐོ་གཅིག གཞུང་འབྲེལ་གྱི་གྲོས་ཆོད་བཞི། སྤྱི་འཐུས་སྒེར་གྱི་གསལ་བཤད་གཅིག དེ་འདྲ་ཞིག་ཆགས་བསྡད་ཡོད།

དེ་རིང་གསལ་པོ་བྱས་ནས་ཞུ་རྒྱུ་ལ། སྤྱི་ཟླ་ ༩ པའི་ནང་ལ་གྲོས་ཚོགས་འཚོགས་རྒྱུ་དེ་བཅའ་ཁྲིམས་དོན་ཚན་ ༤༠ དགོངས་དོན་ལྟར་ནད་ཡམས་ཀྱི་རྐྱེན་པས་འཚོགས་ཐུབ་ཀྱི་མེད་པ་ཡིན་ཙང་། ཚོགས་འདུ་འཕར་འགྱངས་བྱས་པ་དེ་བཅའ་ཁྲིམས་དོན་ཚན་ ༦ པ་དང་། བཅའ་ཁྲིམས་དོན་ཚན་ ༤༩ པའི་ནང་གསེས་ ༢ པ་གཞིར་བཟུང་བྱས་ནས་འཕར་འགྱངས་བྱས་བཞག་པ་ཡིན་ཞེས་ཞུ་རྒྱུ་ཡིན།

དེ་ནས་སྤྱི་མང་གཏུག་བཤེར་དང་འབྲེལ་བའི་དོན་ཚན་ ༦༩ པའི་ཏ་པའི་ཐོག་ལ་བཀའ་མོལ་མང་པོ་ཞིག་བྱུང་སོང་། དེ་འདྲ་ཡིན་ཙང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྤྱི་འཐུས་གསུམ་ཆ་གཉིས་ལས་ལྷག་གིས་ཚོར་སྣང་གང་ཡོད་པ་དེ་མཁྱེན་པ་གནང་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན།

དེ་ནས་ད་རེས་ཀྱི་གྲོས་ཚོགས་འདི་ཚོགས་གཙོའི་ངོས་ནས་ཚོར་སྣང་ཟེར་ནའང་རེད། མཐོང་སྣང་གང་འདྲ་ཞིག་བྱུང་ཞུས་པ་ཡིན་ན། དེའི་སྔོན་ལའང་གྲོས་ཚོགས་ཚོགས་པའི་སྐབས་སུའང་ཞུས་པ་ཡིན། གྲོས་ཚོགས་ཀྱིས་མང་ཚོགས་སྣེ་ཁྲིད་ནས་འགྲོ་དགོས་རྒྱུ་ཞིག་ཆགས་ཀྱི་ཡོད་རེད་ཀྱང་། ང་ཚོའི་གྲོས་ཚོགས་འདི་སྤྱི་ཚོགས་དྲ་ལམ་དེ་འདྲས་གྲོས་ཚོགས་སྣེ་ཁྲིད་ནས་འགྲོ་བ་འདྲ་པོ་ཞིག་མཐོང་སོང་། དེ་མགོ་མཇུག་ལོག་པ་འདྲ་པོ་ཞིག་ཚོར་སྣང་ཞིག་བྱུང་། ལྷག་པར་དུ་སྤྱི་ཚོགས་ནང་དཀྲུག་རྐྱེན་བཟོས་སྡོད་མཁན་གྱི་རྗེས་སུ་འབྲངས་ནས་གནས་ཚུལ་མང་པོ་ཞེ་དྲག་ཅིག་འདིའི་ནང་གླེང་ཡོང་གི་འདུག མ་འོངས་པར་དེ་ཚོའི་རིགས་མེད་པ་བྱས་ན་ཡག་པོ་ཡོད་རེད་བསམ་གྱི་འདུག ང་རང་ཚོས་རྣམ་དཔྱོད་གང་འདྲ་ཞིག་གདོན་རྒྱུ་འདུག ང་རང་ཚོས་རྩལ་གང་འདྲ་གདོན་རྒྱུ་འདུག སྤྱི་པའི་དོན་དུ་ག་རེ་བྱ་རྒྱུ་འདུག དེ་འདྲ་གནང་ཐུབ་པ་ཡིན་ན་ཡག་པོ་ཡོད་རེད། འདི་གཅིག་ཞུ་རྒྱུ་ཡིན།

དེ་ནས་ད་རེས་གྲོས་ཚོགས་འདི་འཚོགས་པའི་སྐབས་སུ་འཕྲོད་བསྟེན་ལས་ཁུངས་ཀྱིས་གྲོས་ཚོགས་མ་གྲོལ་བར་དུ། ཏོག་དབྱིབས་གཉན་རིམས་སྔོན་འགོག་གནང་རྒྱུའི་ཆེད་དུ་ཕྱག་ལས་ཡག་པོ་ཞེ་དྲག་གནང་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ཕྱི་དྲིལ་སྒྲ་བརྙན་ཚན་པས་ཞེ་དྲག་ཡག་པོ་གནང་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་མ་ཡིན་པའི་བདེ་སྲུང་ལས་ཁུངས་རེད། གང་ལྟར་གྲོས་ཚོགས་འདི་ཡག་པོ་ཞིག་ཡོང་རྒྱུར་ང་རང་ཚོ་ཚང་མས་མཐུན་འགྱུར་མ་གནང་བ་ཡིན་ན་ཡོང་རྒྱུ་ཡོད་པ་མ་རེད། དེ་འདྲ་ཡིན་ཙང་འཛིན་སྐྱོང་བཀའ་ཤག་གཙོ་བོར་གྱུར་པའི་ལས་ཁུངས་ཁག་རེད། དམིགས་བསལ་གྱི་གྲོས་ཚོགས་ག་དུས་ཚོགས་པ་ཡིན་ནའང་ཚོགས་དྲུང་ལས་ཁུངས་ཀྱི་ཚོགས་དྲུང་དབུས་པའི་ལས་བྱེད་དེ་ཚོ་དུས་ཚོད་ཐོལ་པ་བཞུགས་དགོས་ཀྱི་ཡོད་རེད། ལས་ཁུངས་གྲོལ་བའི་དུས་ཚོད་ལ་ཕེབས་ཆོག་གི་མེད་པ་རེད། ཕྱི་པོ་བཞུགས་དགོས་ཀྱི་ཡོད་རེད། དེ་འདྲ་ཡིན་ཙང་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་ནས་དེ་རིང་གི་གྲོས་ཆོད་གྲོས་འཆར་ཞིག་བརྒྱུད་ནས་ཡང་བསྐྱར་གྲོས་ཚོགས་འཕར་མ་ཞིག་འཚོགས་དགོས་ཀྱི་ཡོད་པ་རེད། དེར་བརྟེན་ཚོགས་གཙོ་གཉིས་ཀྱི་ད་ལྟའི་བསམ་བློའི་ནང་དུ་བྱས་པ་ཡིན་ན། ཕྱི་ཟླ་ ༥ བཟོ་འདྲ་ཞིག་ཡིན། ཚང་མ་དེའི་སྐབས་སུ་ཕེབས་ཐུབ་རྒྱུའི་རེ་བ་དང་། ཡིད་ཆེས་ཞུ་གི་ཡོད།

མཐའ་དོན་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན།

 

Menu