དཔལ་ལྡན་ཚོགས་གཙོ་མཆོག་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཨ་རིའི་གྲོས་ཚོགས་གོང་མའི་ནང་སྤྱི་མོས་ཐོག་གཏན་འབེབས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༡ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ (Tibetan Policy and Support Act 2020) ཨ་རིའི་གྲོས་ཚོགས་གོང་མའི་ནང་སྤྱི་མོས་ཐོག་གཏན་འབེབས་གནང་བར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཨ་རིའི་གཞུང་དང་། གྲོས་ཚོགས་འཐུས་མི་རྣམ་པས་གཙོས་པའི་འབྲེལ་ཡོད་སྐུ་ལས་བསྐྱོན་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་གནང་འདུག

ཨ་རིའི་སྲིད་འཛིན་གཞོན་པ་དང་། གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་མཱ་ཡི་ཀི་པན་སི་ (Mike Pence) མཆོག་ལ་བསྐུར་བའི་ཐུགས་རྗེ་ཆེ་ཞུའི་འཕྲིན་ཡིག་ནང་འཁོད་དོན། ཨ་རིའི་གྲོས་ཚོགས་གོང་མའི་ནང་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་བཞིན་སྤྱི་མོས་ཐོག་གཏན་འབེབས་བྱུང་བའི་གནས་ཚུལ་ཐོས་འཕྲལ་ང་ཚོ་ཚང་མ་དགའ་ཚོར་ཆེན་པོ་བྱུང་། ཁྲིམས་འཆར་དེས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་གནང་གི་ཡོད་ཅིང་། ཁྲིམས་འཆར་དེའི་ནང་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་ཐག་གཅོད་བྱ་རྒྱུའི་འགན་དབང་ནི་མགོན་པོ་གང་ཉིད་མཆོག་དང་། བོད་མི་ཚོར་ཡོད་ཅེས་དང་། གལ་ཏེ་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ལ་ཐེ་བྱུས་བྱས་ཚེ། འབྲེལ་ཡོད་དཔོན་རིགས་རྣམས་ལ་ཨ་རིའི་གཞུང་གིས་ཨ་རིའི་ནང་ཡོང་རྒྱུར་བཀག་འགོག་དང་། ཉེས་ཆད་གཅོད་རྒྱུ་ཡིན་པ་དང་། དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཁང་འཛུགས་རྒྱུའི་ཆོག་མཆན་མ་གནང་བར་དུ་ཨ་རིའི་གཞུང་གི་ངོས་ནས་ཨ་རིའི་ནང་རྒྱ་ནག་གི་གཞུང་ཚབ་ཁང་གསར་པ་འཛུགས་རྒྱུའི་ཆོག་མཆན་གནང་མི་ཆོག་པ་སོགས་འཁོད་ཡོད་པ་རེད།

ངས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཁྲིམས་འཆར་དེ་ཉིད་ཨ་རིའི་གྲོས་ཚོགས་གོང་མའི་ནང་སྤྱི་མོས་ཐོག་གཏན་འབེབས་ཐུབ་པར། སྐུ་ཉིད་དང་། གྲོས་ཚོགས་འཐུས་མི་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཁྲིམས་འཆར་དེ་ནི་བོད་མི་ཚོར་མཚོན་ན། ལོ་རྒྱུས་རང་བཞིན་ལྡན་པ་ཞིག་དང་། གྲུབ་འབྲས་ཆེན་པོ་ཞིག་ཡིན། དེས་ཨ་རིའི་གྲོས་ཚོགས་ནི་དྲང་བདེན་ཕྱོགས་ལ་ལངས་ཀྱི་ཡོད་པའི་བརྡ་ལན་གསལ་པོ་ཞིག་སྤྲོད་ཀྱི་ཡོད་པ་མ་ཟད། ཨ་རིའི་གཞུང་ནས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་ཀྱི་རྩ་དོན་ཐོག་འབྱུང་འགྱུར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་ར་སྤྲོད་གསལ་པོ་བྱས་ཡོད།

ཁྲིམས་འཆར་དེས་འཛམ་གླིང་གང་སར་ཡོད་པའི་བོད་མི་རྣམས་དང་། ལྷག་པར་དུ་བོད་ནང་རྒྱ་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མི་རྣམས་ལ་རེ་བ་ཆེན་པོ་སྦྱིན་ཡོད།

ཨ་རིའི་གཞུང་མང་གཉིས་ནས་ད་བར་བོད་དོན་ཐོག་ཆོད་སེམས་བརྟན་པོས་མཐུན་འགྱུར་རྒྱབ་སྐྱོར་གནང་བར་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྦྲགས། བོད་ཀྱི་བདེན་མཐའ་མ་གསལ་བར་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན།

དེ་བཞིན་ད་རེས་ཁྲིམས་འཆར་གཏན་འབེབས་ཐུབ་རྒྱུའི་ཐོག་སྐུ་ངལ་བསྐྱོན་མཁན་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། རྒྱལ་ཁབ་གཞན་གྱི་གྲོས་ཚོགས་ནང་ལའང་དེ་ལྟར་ཁྲིམས་འཆར་གཏན་འབེབས་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན།

ཁྲིམས་འཆར་དེར་ཨ་རིའི་སྲིད་འཛིན་མཆོག་གིས་གང་མགྱོགས་མཚན་རྟགས་འགོད་པའི་རེ་བ་ཡོད་ཅེས་འཁོད་གནང་འདུག་པ་བཅས། །

Menu