དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་པི་ཇི་ཇོ་ཏི་ཀར་ལགས་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་གནང་བ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༥ རེས་གཟའ་མིག་དམར་ཉིན་རྒྱ་གར་གུ་ཇ་རཱ་ཊ་ (Gujarat) མངའ་སྡེ་ནས་ཡིན་པའི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་པི་ཇི་ཇོ་ཏི་ཀར་ (P.G. Jyotikar) ལགས་དགུང་གྲངས་ ༨༦ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། ཕྱི་ཚེས་ ༢༠ རེས་གཟའ་ཉི་མའི་ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དམ་པ་ཁོང་གི་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུས་གནང་འདུག

ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་སྐུ་ཞབས་པི་ཇི་ཇོ་ཏི་ཀར་ལགས་འདས་གྲོངས་གྱུར་པའི་གནས་ཚུལ་ཐོས་འཕྲལ་ངོས་རང་བློ་ཕམ་ཆེན་པོ་བྱུང་། སྐུ་ཞབས་ཁོང་ནི་གུ་ཇ་རཱ་ཊ་མངའ་སྡེའི་ནང་བོད་མིའི་རང་དབང་གི་ལས་འགུལ་ཐོག་མར་སྤེལ་མཁན་ཞིག་ཡིན། ངས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཁྱེད་ནང་མི་ལྷན་རྒྱས་ལ་ཐུགས་གསོ་ཞུ་རྒྱུ་ཡིན།

སྐུ་ཞབས་པི་ཇི་ཇོ་ཏི་ཀར་ལགས་ཀྱིས་བོད་ཀྱི་རྩ་དོན་ཐོག་མི་ལོ་ ༤༠ ཙམ་རིང་སྐུ་ངལ་འཛེམས་མེད་ཀྱི་ཐོག་ནས་རང་ཉིད་ཀྱི་དུས་ཚོད་དང་ནུས་ཤུགས་གང་ཡོད་བཏོན་གནང་ཡོད། ཁོང་གིས་བོད་ཀྱི་འཐབ་རྩོད་ཀྱི་ནུས་པ་སྤྱི་དང་། ལྷག་པར་དུ་གུ་ཇ་རཱ་ཊ་མངའ་སྡེའི་ནང་བོད་ཀྱི་རྩ་དོན་གྱི་ནུས་པ་ཕྱོགས་ཡོངས་ནས་ཤུགས་ཆེར་གཏོང་རྒྱུའི་ཐོག་སྐུ་ངལ་ཆེན་པོ་བསྐྱོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེས་མ་ཟད། གུ་ཇ་རཱ་ཊ་མངའ་སྡེའི་ནང་བོད་མི་ཚོས་དགུན་ཚོང་བརྒྱབ་རྒྱུའི་ཐོག་དམ་པ་ཁོང་གིས་མཐུན་འགྱུར་རྒྱབ་སྐྱོར་གང་ཡོད་གནང་ཡོད། དམ་པ་ཁོང་གིས་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་དང་། བོད་མིའི་སྤྱི་ཚོགས་ལ་མཐུན་འགྱུར་རོགས་རམ་གང་ཐུབ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། དེ་ནི་ཡི་རངས་བསྔགས་བརྗོད་ཞུ་འོས་པ་ཞིག་ཀྱང་ཡིན། བོད་དོན་རྒྱབ་སྐྱོར་བ་ཁོང་ལྟ་བུ་ནི་ང་ཚོར་ཤིན་ཏུ་ནས་བཀའ་དྲིན་ཆེན་པོ་ཡིན།

དེ་བཞིན་དམ་པ་ཁོང་སྐུ་འཚོ་ཞུགས་རིང་བོད་ཀྱི་རྩ་དོན་དང་འབྲེལ་བའི་ལས་འགུལ་ཚང་མའི་ནང་མཉམ་ཞུགས་གནང་ཡོད། དམ་པ་ཁོང་གིས་ང་ཚོའི་རྩ་དོན་ཐོག་ཕྱག་ལས་གནང་བ་རྣམས་ང་ཚོས་དུས་ནམ་ཡང་བརྗེད་མི་སྲིད།

ངས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དམ་པ་ཁོང་གི་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན། དམ་པ་ཁོང་སྐུ་གཤེགས་པ་དེས་ང་ཚོའི་འཐབ་རྩོད་ཐོག་གྱོང་གུད་ཆེན་པོ་ཕོག་ཡོད།

སྐུ་ཞབས་དམ་པ་པི་ཇི་ཇོ་ཏི་ཀར་ལགས་ནི་ལྡ་ལི་ཏི་སྤྱི་ཚོགས་ནས་ཡིན་པའི་སྙན་གྲགས་ཅན་གྱི་ལོ་རྒྱུས་སྨྲ་བ་ཞིག་དང་། (Ambedkarite Movements) ཐོག་གི་མཁས་པ་ཞིག་ཀྱང་ཡིན། དེ་བཞིན་སྐུ་ཞབས་བྷི་ཨར་ཨམ་བྷེ་ཊི་ཀར་མཆོག་གིས་ཐོག་མར་གསར་འཛུགས་གནང་བའི་རྒྱ་གར་ནང་པའི་སྤྱི་ཚོགས་ (The Buddhist Society of India) ཞེས་པའི་ཚོགས་པའི་དགེ་རྩའི་མ་དངུལ་དོ་དམ་པ་ཡང་ཡིན་འདུག་པ་བཅས། །