དཔལ་ལྡན་ཚོགས་གཙོ་མཆོག་གིས་སྐུ་ཞབས་མེ་ཐིའུ་མེ་ཁ་ཅི་མཆོག་རྒྱལ་སྤྱིའི་མང་གཙོའི་ལྟེ་གནས་དང་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱི་འགན་འཛིན་དུ་བསྐོ་གཞག་གནང་བར་འཚམས་འདྲི་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༨ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་མེ་ཐིའུ་མེ་ཁ་ཅི་ (Matteo Mecacci) མཆོག་པོ་ལན་ཊི་རྒྱལ་ས་ཝར་སའོ་ (Warsaw) ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་མང་གཙོའི་ལྟེ་གནས་དང་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ (Office for Democratic Institutions and Human Rights(ODIHR)) ཀྱི་འགན་འཛིན་དུ་བསྐོ་གཞག་གནང་བར་འཚམས་འདྲི་ཞུས་གནང་འདུག

འཚམས་འཕྲིན་ནང་འཁོད་དོན། འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་འཕྲད་བཞིན་པའི་སྐབས་འདིར། སྐུ་ཞབས་ཁྱེད་ཝར་སའོ་ (Warsaw) ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་མང་གཙོའི་ལྟེ་གནས་དང་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ (Office for Democratic Institutions and Human Rights (ODIHR)) ཀྱི་འགན་འཛིན་དུ་བསྐོ་གཞག་བྱུང་བའི་གནས་ཚུལ་ཐོས་འཕྲལ་ང་ཚོ་ཚང་མ་དགའ་སྤོབས་ཆེན་པོ་བྱུང་། ངས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཁྱེད་ལ་འཚམས་འདྲི་ཞུ་རྒྱུ་ཡིན།

ང་རང་ལ་མཚོན་ན། སྐུ་ཞབས་ཁྱེད་དང་ལྷན་ཨི་ཊ་ལི་རྒྱལ་ས་རོམ་དང་། ཨ་རི། བཞུགས་སྒར་རྡ་ས་བཅས་ལ་མཇལ་འཕྲད་གནང་རྒྱུ་བྱུང་བ་མ་ཟད། བོད་དོན་སྐོར་ལ་གྲོས་བསྡུར་ལྷུགས་པོ་གནང་རྒྱུའི་གོ་སྐབས་བྱུང་། ཕྱི་ལོ་ ༢༠༠༩ ལོར་ཨི་ཊ་ལི་རྒྱལ་ས་རོམ་ལ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ལྔ་པ་བསྐོང་ཚོགས་གནང་རྒྱུར་སྐུ་ཞབས་ཁྱེད་ནས་ཐུགས་འགན་ཆེན་པོ་བཞེས་གནང་བ་ནི་ང་ཚོར་བཀའ་དྲིན་ཆེན་པོ་ཡིན། ཚོགས་ཆེན་དེས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ལ་རྒྱབ་སྐྱོར་གནང་རྒྱུ་དང་། རྒྱ་ནག་གཞུང་གིས་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཏུ་གཏོང་བཞིན་པ་རྣམས་འཕྲལ་མར་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་གནང་ཡོད།

དེ་བཞིན་སྐུ་ཞབས་ཁྱེད་ནས་ད་བར་བོད་དོན་དང་འབྲེལ་བའི་ལས་འགུལ་མང་པོའི་ནང་ཐུགས་ཁུར་ཆེན་པོའི་ཐོག་ནས་མཉམ་ཞུགས་གནང་བར་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐུ་ཞབས་ཁྱེད་ཕྱི་ལོ་ ༢༠༡༣ ནས་ད་བར་ཨ་རིའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་གནང་སྐབས་ཨ་རིའི་ནང་“བོད་ནང་ཕར་འགྲོ་ཚུར་འོང་གི་ཐོབ་ཐང་འདྲ་མཉམ་གྱི་ཁྲིམས་ (Reciprocal Access to Tibet act) དང་། བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ (Tibetan Policy and Support Act) ལྟ་བུ་ཨ་རིའི་གྲོས་ཚོགས་ནང་གཏན་འབེབས་གནང་རྒྱུའི་ཐོག་ནུས་པ་ཆེན་བཏོན་གནང་ཡོད།

སྐུ་ཞབས་ཁྱེད་ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་གནང་བའི་སྐབས་ནས་བཟུང་ད་བར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གཞུང་དང་། རྒྱལ་སྤྱིའི་ཚོགས་པ་ཁག་ལ་ཞུ་སྐུལ་དང་། བོད་མིར་ཕན་པའི་སྲིད་བྱུས་གཏན་འབེབས་གནང་རྒྱུར་སྐུ་ངལ་ཆེན་པོ་བསྐྱོན་གནང་ཡོད། ཁྱེད་ནི་བོད་མིའི་གྲོགས་པོ་བློས་ཐུབ་གཅིག་དང་། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་བྱེད་མཁན་ཞིག་ཡིན། ཁྱེད་ཀྱིས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་དང་ཕྱག་ལས་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

སྐུ་ཞབས་ཁྱེད་རྒྱལ་སྤྱིའི་མང་གཙོའི་ལྟེ་གནས་དང་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱི་འགན་འཛིན་དུ་བསྐོ་གཞག་གནང་བ་དེས་བོད་ཕྱི་ནང་གཉིས་སུ་བཞུགས་པའི་བོད་མི་རྣམས་དང་། འགྲོ་བ་མིའི་ཐོབ་ཐང་མེད་པའི་རྒྱལ་ཁབ་ཁག་གི་མི་སེར་རྣམས་ལ་རེ་བ་སྦྱིན་ཡོད། ཁྱེད་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཐོག་སྐད་ཆ་བཤད་མ་ཐུབ་མཁན་ཚོའི་མགྲིན་ཚབ་དང་། ལས་གནས་དེའི་ཐོག་ཕྱག་ལས་ཡག་པོ་གནང་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་འཁོད་གནང་འདུག

 

 

Menu