༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༤ རེས་གཟའ་པ་སངས་ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཤེས་རབ་དར་རྒྱས་ལགས་ཀྱིས་འབྲི་རྩོམ་གནང་བའི་དེབ་ཕྲེང་གཉིས་ཡོད་པའི་ “ཡོ་བ་བསྲངས་ཤིང་གབ་པ་ཕྱུང་བའི་ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་དང་ལྷ་སྲས་རྒྱལ་ལོ་དོན་གྲུབ།” ཅེས་པའི་དཔེ་དེབ་དབུ་འབྱེད་གནང་སོང་།
དེ་ཡང་དཔེ་དེབ་ནང་ཆིངས་འཇོག་དང་དབྱིན་ཇི་དང་། དབྱིན་ཇིས་རྙོག་སློང་དང་གཞུང་བླའི་འགལ་བ། གྲོས་མཐུན་དོན་ཚན་བཅུ་བདུན། གློ་སྒྲིག་འཛུགས་ལ་སོགས་ཁྱོན་དཀར་ཆག་བརྒྱད་ཅུ་གྱ་གཉིས་དང་། ཤོག་གྲངས་ ༦༠༠ ལྷག་འདུག་པ་དང་། དེའི་ནང་༧པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ (ཕྱི་ལོ་ ༡༧༣༨་་་༡༧༨༠) མཆོག་གི་སྐུ་དུས་སུ་དབྱིན་ཇིས་བཀྲ་ཤིས་ལྷུན་པོའི་ཕྱོགས་སུ་ཐོག་མར་འབྲེལ་བ་བྱས་པ་ནས་བཟུང་། བལ་ཡུལ་གློ་སྒྲིག་འཛུགས་ཀྱི་དུས་སྐབས་བར་གྱི་དོན་རྐྱེན་གཙོ་བོ་ཁག་འདུས་པར་བྱས་ཏེ་བྲིས་པ་ཞིག་དང་། དུས་སྐབས་དེ་དག་གི་ཆིངས་ཡིག་དང་བཀའ་རྒྱ་སོགས་ཀྱང་འབུར་ཐོན་བྱས་འདུག
རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་མི་མང་འདུ་འཛོམས་སོགས་བྱེད་མི་ཐུབ་པར་བརྟེན། ལྷ་བྲིས་པ་སྐལ་བཟང་དམ་ཆོས་ལགས་དང་། ནམ་མཁའ་བསྟན་འཛིན་ལགས། རྟ་བྷེ་ལགས། ཤེས་རབ་དར་རྒྱས་ལགས་བཅས་ནས་སྔོན་ནས་རེ་སྐུལ་ཞུས་དོན་བཞིན། དེ་རིང་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་ཁུངས་སུ་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་སྟབས་བདེ་ཞིག་དྲྭ་ལམ་བརྒྱུད་ཚོགས་གནང་བ་དང་། སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་དཔེ་དེབ་དབུ་འབྱེད་དང་འབྲེལ་གསུང་དོན། ཤེས་རབ་དར་རྒྱས་ལགས་ཀྱིས་ “ ཡོ་བ་བསྲངས་ཤིང་གབ་པ་ཕྱུང་བའི་ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་དང་ལྷ་སྲས་རྒྱལ་ལོ་དོན་གྲུབ།” ཅེས་དེབ་ཕྲེང་གཉིས་ཡོད་པའི་དཔེ་དེབ་ཅིག་བརྩམས་གནང་འདུག་པ་དང་། དེ་ཡང་ཕྱི་ལོ་ ༡༧༠༠ ཙམ་ནས་བོད་དང་དབྱིན་ཇིའི་དབར་གྱི་འབྲེལ་བ་ལ་སོགས་པ་དང་། བཙན་བྱོལ་ལ་གྱར་ཚར་བའི་རྗེས་གློ་སྒྲིག་འཛུགས་ལ་སོགས་པའི་སྐོར་ལ་བྲིས་ཡོད་ཚོད་འདུག སྤྱིར་ལོ་རྒྱུས་ནི་རྒྱལ་ཁབ་ཕན་ཚུན་བྱས་པ་ཡིན་ནའང་དེ་གནད་འགག་ཆེན་པོ་ཞེ་དྲག་ཡིན་པ་དང་། དེ་བཞིན་མི་རབས་རྗེས་མ་ཚོས་ག་བར་བལྟ་གི་རེད་ཟེར་ན། ལོ་རྒྱུས་ལ་བལྟ་གི་རེད། དེ་འདྲ་ཡིན་ཙང་དེ་སྔ་ང་ཚོའི་ལོ་རྒྱུས་ཐོག་ནས་དགེ་ག་རེ་བྱུང་ཡོད་པ་དང་། སྐྱོན་ག་རེ་བྱུང་བ། འཐུས་ཤོར་ག་བར་ཕྱིན་པ་དང་། ནོར་འཁྲུལ་ག་བར་བྱུང་བ། ནོར་འཁྲུལ་མེད་པར་བྱས་ནས་འབྲེལ་ལམ་གང་དང་གང་བྱུང་ཡོད་པ་རྣམས་མ་འོངས་པའི་མི་རབས་ཚོས་བལྟ་རྒྱུ་དེ་དེབ་ཐེར་བརྒྱུད་ནས་རེད། དེ་འདྲ་ཡིན་ཙང་དཔེ་དེབ་རྩོམ་པ་པོ་དང་། རྩོམ་པ་པོར་མཉམ་རུབ་གནང་མཁན་ཚང་མར་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་ཡིན། སྤྱིར་བཏང་རྒྱལ་ཁབ་གཅིག་ཡིན་ནའང་རེད། ཁྱིམ་ཚང་གཅིག་ཡིན་ནའང་རེད། གང་ལྟར་ལོ་རྒྱུས་ཟེར་མཁན་དེ་ཞེ་དྲག་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། ལོ་རྒྱུས་དེ་ཡང་རབ་བཏགས་མ་ཡིན་པར་གང་བྱུང་བ་དེ་བྲིས་དགོས། ཡག་པོ་བྱུང་ན་ཡག་པོ་འབྲི་རྒྱུ་དང་། སྡུག་པོ་བྱུང་ན་སྡུག་པོ་འབྲི་རྒྱུ། སྐབས་རེ་ང་ཚོས་ལོ་རྒྱུས་འབྲི་བའི་སྐབས་ལ་ལེགས་པའི་ཆ་ཐམས་ཅད་བྲིས། ཉེས་པའི་ཆ་ཐམས་ཅད་གཡུག་བཞག་པ་དེ་འདྲ་ཡོང་གི་ཡོད། དེ་འདྲ་མ་ཡིན་པར་ལོ་རྒྱུས་ཟེར་ན་གང་བྱུང་བ་དེ་འབྲི་རྒྱུ་རེད། དེ་འདྲ་ཡིན་ཙང་ལོ་རྒྱུས་ལ་བྱུང་བ་བརྗོད་པ་ཞེས་ཟེར་གྱི་ཡོད། ད་ལྟ་འདིར་ལེགས་ཉེས་གང་བྱུང་བ་རྣམས་ཇི་མ་ཇི་བཞིན་བྲིས་ཡོད་པའི་རེ་བ་བྱེད་ཀྱི་ཡོད། དེ་བཞིན་མ་འོངས་པར་རྩོམ་པ་པོ་སུ་དང་སུ་ཡིན་ནའང་། ལོ་རྒྱུས་དེ་གང་ཡིན་པའམ་རང་བཞིན་བརྗོད་པ་རང་བྱས་ནས་བྲིས་དགོས་པ་མ་གཏོགས་པས། རབ་བཏགས་དེ་འདྲ་མ་ཡིན་པར་བྱས་ནས་བྲིས་དགོས་པ་གལ་ཆེན་པོ་ཞེ་དྲག་རེད། ད་རེས་ཤེས་རབ་དར་རྒྱས་ལགས་ཀྱིས་དེབ་ཕྲེང་གཉིས་ཡོད་པའི་དཔེ་དེབ་འདི་བརྩམས་གནང་བ་རེད། དེ་ཡང་དུས་ཚོད་མང་པོ་ཞེ་དྲག་བཏང་འདུག་བསམ་གྱི་འདུག དུས་ཚོད་གཅིག་པུ་བཏང་བ་ཙམ་མ་ཡིན་པར་ཏན་ཏན་སྐུ་ངལ་མང་པོ་ཞེ་དྲག་བསྐྱོན་ཡོད་རེད། དེར་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་ཡིན། མི་སོ་སོའི་ལོ་རྒྱུས་མི་འདྲ་བ་མི་འདྲ་བ་ཡོད་དུས། མ་འོངས་པར་ང་ཚོའི་ན་གཞོན་ཚོས་དེ་དག་གང་བྱུང་བ་རྣམས་ལོ་རྒྱུས་དེབ་ཐེར་ཐོག་འཇོག་རྒྱུ་གནད་འགག་ཆེན་པོ་ཞེ་དྲག་རེད། དེ་ཚོའི་ཐོག་ངས་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་།
རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ནི་ཕྱི་ལོ་ ༡༩༦༧ ལོར་མདོ་སྨད་མཚོ་སྔོན་གཅན་ཚ་རྫོང་གི་ཁོངས་གཏོགས་ཧོར་ཞེས་པའི་སྡེ་བར་ཕ་བློ་རྒན་དང་། མ་དམ་པ་འཕགས་མོ་ཐར་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། ལོ་བདུན་ལ་སོན་པ་ནས་སློབ་གྲྭའི་སྒོ་ཐེམ་འགྲིམས་ཏེ་མཐར་གཅན་ཚ་མི་རིགས་སློབ་འབྲིང་དུ་ཞུགས། ཕྱི་ལོ་ ༡༩༨༥ ལོར་སྡི་ཚ་རི་ཁྲོད་བཀྲ་ཤིས་ཆོས་སྡིངས་ཞེས་བྱ་བའི་རི་ཁྲོད་པའི་དགོན་པ་ཆེན་པོ་དེར་བསྐྱོད། བསྡུས་ཚད་ཀྱི་གཞུང་ལ་སྦྱངས། བརྡ་དག་དང་རྩོམ་རིག་སོགས་ལ་ཞོར་སྦྱོང་གནང་། ཕྱི་ལོ་ ༡༩༨༨ ལོར་རྒྱ་གར་ལ་བྲོས་བྱོལ་གྱིས་བཞུགས་སྒར་རྡ་རམ་ས་ལ་དང་། ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ཏེ་སློབ་གཉེར་གྱི་འཕྲོ་བསྐྱངས། སློབ་ཞོར་དུ་དགེ་རྒན་དང་དུས་དེབ་ཀྱི་རྩོམ་སྒྲིག་པའི་ལས་དོན་ཡང་བསྒྲུབས། ཕྱི་ལོ་ ༢༠༠༠ ལོར་ཨ་རིར་ཕེབས་ཏེ་ནུབ་ཕྱོགས་ཀྱི་རིག་གཞུང་དང་བསམ་བློ། གོམས་སྲོལ་སོགས་ལ་དོ་སྣང་ཆེས་ཆེར་གནང་། “ནུབ་ཕྱོགས་འགྲིམས་པའི་གཏམ་” ཞེས་བྱ་བ་དེབ་གསུམ་དང་། “དུས་འཁོར་རྒྱུད་འགྲེལ་འཆད་ཐབས་རིགས་ལྡན་བླ་མ་མཉེས་པའི་མཆོད་ཡོན་” སོགས་ཕྱག་དཔེ་མང་པོ་བྲིས་ཤིང་། ལྷག་པར་དུ་ “ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ་” ཞེས་བྱ་བའི་དཔེ་དེབ་བོད་བསྒྱུར་ཞུས། ད་བར་ཁོང་གིས་བྲིས་བསྒྲིགས་བསྒྱུར་གསུམ་བྱས་པ་བསྡོམས་ན་དེབ་གྲངས་ ༢༠ ཡོད་འདུག་པ་བཅས། །