དཔལ་ལྡན་ཚོགས་གཙོ་མཆོག་གིས་བདམས་ཐོན་ཨ་རིའི་སྲིད་འཛིན་ཇོ་བྷཡེ་ཌན་མཆོག་ལ་འཚམས་འདྲི་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༩ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཇོ་བྷཡེ་ཌན་ (Joe Biden) མཆོག་ཨ་རིའི་སྲིད་འཛིན་ཐེངས་ ༤༦ པར་བདམས་ཐོན་བྱུང་བ་དང་། དེ་བཞིན་ལྕམ་སྐུ་ཀ་མ་ལ་ཧ་རི་སི་ (Kamala Harris) མཆོག་ཨ་རིའི་ལོ་རྒྱུས་ནང་བུད་མེད་སྲིད་འཛིན་གཞོན་པ་ཐེངས་དང་པོར་བདམས་ཐོན་བྱུང་བར་དགའ་བསུའི་མཚམས་འདྲི་ཞུས་གནང་འདུག

འཚམས་འཕྲིན་ནང་འཁོད་དོན། ཨ་རིའི་གཞུང་མང་གཉིས་ནས་བོད་ཀྱི་འཐབ་རྩོད་ཐོག་རྟག་ཏུ་རྒྱབ་སྐྱོར་གནང་བཞིན་ཡོད་སྟབས་ཨ་རིའི་གཞུང་མང་གཉིས་ནི་རྒྱ་དམར་གཞུང་གི་གདུག་རྩུབ་འོག་ཡོད་པའི་བོད་ནང་གི་བོད་མི་རྣམས་དང་། དེ་བཞིན་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོར་ཤིན་ཏུ་ནས་བཀའ་དྲིན་ཆེན་པོ་ཡིན། ཨ་རིའི་རྒྱལ་ཁབ་དང་། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབར་འབྲེལ་བ་དམ་ཟབ་ཡོད་པ་དང་། ཁྱེད་ཀྱིས་ཕྱི་ཟླ་ ༩ པའི་ནང་གསུངས་པ་ལྟར་ང་ཚོས་ཁྱེད་ཀྱི་དབུ་འཁྲིད་འོག་འབྲེལ་བ་དེ་མུ་མཐུད་རྒྱུན་སྐྱོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པའི་རྗེས། ཨ་རིའི་གཞུང་མང་གཉིས་ནི་བོད་མི་རྣམས་དང་། བོད་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན། ང་ཚོས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བའི་ཐོག་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་བཞིན་ཡོད་པ་དང་། དེ་ནི་བོད་རྒྱ་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་ཡིན། རྒྱ་ནག་དམར་གཞུང་འོག་བོད་ནང་ཡོད་པའི་བོད་མི་རྣམས་ལ་སྨྲ་བརྗོད་རང་དབང་དང་། ཆོས་དད་རང་དབང་མེད་པ་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་མུ་མཐུད་རྡོག་རོལ་གཏོང་བཞིན་ཡོད། ཕྱི་ལོ་ ༢༠༡༠ ལོར་བོད་རྒྱ་འབྲེལ་མོལ་ཐེངས་ ༡༠ གནང་བའི་རྗེས་ང་ཚོས་མུ་མཐུད་བོད་ཀྱི་གནད་དོན་གསལ་ཐབས་སུ་རྒྱ་ནག་གཞུང་དང་ལྷན་ཞི་བའི་གྲོལ་མོལ་ཡོང་ཐབས་སླད་འབད་བརྩོན་གང་ཐུབ་བྱེད་བཞིན་ཡོད་ཀྱང་རྒྱ་ནག་གཞུང་གི་ངོས་ནས་དེར་ད་བར་བཟང་ཕྱོགས་ཀྱི་ཡ་ལན་རྩ་བ་ནས་གནང་མེད། ཁྱེད་ཀྱི་དབུ་འཁྲིད་འོག་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་རྒྱུར་རོགས་རམ་གང་ཐུབ་གནང་རྒྱུའི་རེ་བ་ཡོད།

རྒྱ་དམར་གཞུང་གིས་འདས་པའི་ལོ་ངོ་དྲུག་ཅུའི་ནང་བོད་ལ་ཞི་བའི་བཅིངས་གྲོལ་དང་ཡར་རྒྱས་བཏང་ཡོད་པ་བརྗོད་བཞིན་ཡོད་ཀྱང་དོན་དངོས་སུ་བོད་ནང་གི་གནས་སྟངས་ནི་ཡ་ང་བ་ཞིག་དང་ཛ་དྲག་ཅན་ཞིག་ཡིན། ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་གྲངས་ ༡༥༤ ཡིས་རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་བཏང་གནང་ཡོད་པ་དང་། ཁོང་རྣམ་པས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པའི་འབོད་སྒྲ་བསྒྲགས་ཡོད།

ཨ་རིའི་གཞུང་མང་གཉིས་ནས་བོད་ཀྱི་གནད་དོན་ཐོག་ད་བར་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པ་དང་། སྐུ་ཞབས་ཁྱེད་དང་། ལྕམ་སྐུ་ཧ་རི་སི་མཆོག་གིས་སྣེ་འཁྲིད་པའི་ཨ་རིའི་གཞུང་གིས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཡིད་ཆེས་ཆེན་པོ་ཡོད། ཁྱེད་ཀྱི་དབུ་འཁྲིད་འོག་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་དོན་བདེན་མཐའ་གསལ་རྒྱུར་རྒྱལ་སྤྱིའི་འབད་བརྩོན་ནུས་པ་སྔར་ལྷག་ཆེ་རུ་འགྲོ་རྒྱུའི་རེ་བ་ཆེན་པོ་ཡོད། འདི་ལོའི་ཕྱི་ཟླ་ ༩ པའི་ནང་སྐུ་ཉིད་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་མཁན་རྒྱ་ནག་གཞུང་གི་ལས་བྱེད་མི་སྣ་རྣམས་ལ་དམ་བསྒྲགས་བཀའ་ཆད་གཅོད་རྒྱུ་ཡིན་པ་དང་། བོད་མི་རྣམས་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསུངས་པར་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱེད་ཀྱི་སྲིད་འཛིན་གྱི་ལས་ཡུན་དེ་བཞིན་ལམ་ལྷོངས་དང་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

ཁྱེད་ཀྱི་སྙིང་སྟོབས་དང་བློ་གྲོས་ཀྱིས་འབྱུང་འགྱུར་ཨ་རིའི་རྒྱལ་ཁབ་དང་། འཛམ་གླིང་ནང་ཞི་བདེ་དང་ཡར་རྒྱས་གོང་འཕེལ་ཡོང་རྒྱུར་སློབ་སྟོན་དང་མཉམ་ཁྲིད་ཐུབ་པའི་རེ་བ་དང་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །

 

 

 

Menu