དཔལ་ལྡན་ཚོགས་གཙོ་མཆོག་གིས་གསར་དུ་བསྐོ་གཞག་གནང་བའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་འཚམས་འདྲི་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༤ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ལས་དོན་ཚན་པའི་དྲུང་ཆེ་ལས་རོགས་སྐུ་ཞབས་རོ་བྷེར་ཊི་ཌེ་སི་ཊི་རོ་ (Robert A. Destro) མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཨ་རིའི་གཞུང་ལ་ཐུགས་རྗེ་ཆེ་ཞུས་དང་། སྐུ་ཞབས་ཁོང་ལ་འཚམས་འདྲི་ཞུས་གནང་འདུག

འཚམས་འཕྲིན་ནང་འཁོད་དོན། སྐུ་ཞབས་ཁྱེད་ལ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ལས་དོན་ཚན་པའི་དྲུང་ཆེ་ལས་རོགས་ཀྱི་ལས་གནས་ཐོག་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་དང་། དེ་བཞིན་སྐུ་ཞབས་ཁྱེད་ནི་འོས་བསྡུ་དང་། ངལ་རྩོལ། རྩ་ཁྲིམས་བཅས་ལ་མཁྱེན་ཡོན་ཆེན་པོ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་དང་། སྤྱི་དམངས་ཐོབ་ཐང་རྩོད་ལེན་པ་ཞིག་ཡིན་པ་མངོན་བཞིན་ཡོད་སྟབས། སྐུ་ཞབས་ཁྱེད་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་ཡང་ན་མགོན་པོ་གང་ཉིད་མཆོག་གི་སྐུ་ཚབ་དང་། རྒྱ་ནག་གཞུང་གི་དབར་བོད་རྒྱ་གྲོས་མོལ་ཡོང་ཐབས་བྱ་རྒྱུ་དང་། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ། བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་ཡོང་ཐབས་བཅས་ཀྱི་ལས་དོན་ཐོག་སྣེ་འཁྲིད་ཡག་པོ་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད། གཞན་ཡང་སྐུ་ཞབས་ཁྱེད་ཀྱིས་བོད་མིའི་འགོ་འཁྲིད་དང་། རྒྱལ་སྤྱིའི་ཕྱག་སྦྲེལ། ཁྱད་མཁས་མི་སྣ་ཚོ་དང་ལྷན་འབྲེལ་བ་གནང་སྟེ་བོད་དོན་བདེན་མཐའ་གསལ་ཐབས་གནང་རྒྱུ་དང་། རྒྱལ་སྤྱིའི་ཁྱོན་དུ་གནས་པའི་བཙན་བྱོལ་བོད་མི་ཚོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཆེད་འཐབ་རྩོད་བྱེད་བཞིན་པར་རྒྱབ་སྐྱོར་གནང་རྒྱུ་བཅས་ཀྱི་ཐོག་འབད་བརྩོན་གནང་རྒྱུ་ཡིན་པར་ང་ཚོ་ཚང་མ་དགའ་ཚོར་ཆེན་པོ་བྱུང་།

ཁྱེད་ཀྱིས་མཁྱེན་གསལ་ལྟར། རྒྱ་དམར་གཞུང་གིས་ཁྲིམས་འགལ་ཐོག་བོད་ས་བཙན་བཟུང་བྱས་པར་སོང་། ད་ལྟའི་དམར་གཞུང་འོག་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ལོ་རྒྱུས་སོགས་རྩ་བརླག་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད། དེར་བརྟེན། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་སྲུང་སྐྱོབ་དང་། གོང་སྤེལ་གཏོང་རྒྱུ་ནི་བཙན་བྱོལ་ནང་ཡོད་པའི་བོད་མི་ཚང་མར་འཁྲི་བའི་བཟང་སྤྱོད་ཀྱི་འོས་འགན་ཞིག་ཡིན། འདས་པའི་ལོ་ངོ་དྲུག་ཅུ་ལྷག་རིང་ང་ཚོས་བོད་དོན་བདེན་མཐའ་གསལ་རྒྱུར་འབད་བརྩོན་རིམ་པ་བྱས་དང་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་ང་ཚོའི་འཐབ་རྩོད་ཐོག་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པ་དང་། ལྷག་པར་དུ་བོད་ནང་ཡོད་པའི་བོད་མི་ཚོར་སྡུག་སྦྱོང་མནར་གཅོད་འདྲ་མིན་གྱི་དཀའ་སྡུག་མྱོང་བཞིན་ཡོད།

༸གོང་ས་མཆོག་གི་དགོངས་གཞི་དང་། བོད་མི་རྣམས་ཀྱིས་མང་གཙོའི་ལམ་ནས་ཐག་གཅོད་བྱུང་དོན་ལྟར། ང་ཚོས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བའི་ཐོག་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་བཞིན་ཡོད་པ་དང་། དེ་ནི་བོད་རྒྱ་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་ཡིན། དེ་བཞིན་ང་ཚོས་རྒྱ་ནག་གཞུང་གི་འགོ་འཁྲིད་དང་། ༸གོང་ས་མཆོག་གི་སྐུ་ཚབ་དབར་ཞི་བའི་གྲོས་མོལ་བསྐྱར་གསོ་ཡོང་ཐབས་བྱེད་བཞིན་ཡོད་ཀྱང་། ཕྱི་ལོ་ ༢༠༡༠ ཟླ་ ༡ པོའི་ནང་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་གནང་བའི་རྗེས་འབྲེལ་མོལ་མཚམས་ཆད་ཡོད། བྱས་ཙང་ད་རེས་སྐུ་ཞབས་ཁྱེད་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བ་དེས་རྒྱ་ནག་གཞུང་གི་དབང་འཛིན་པ་ཚོར་བོད་ཀྱི་གནད་དོན་ད་དུང་གསོན་པོར་གནས་ཡོད་པའི་བརྡ་ལན་ཤུགས་ཆེན་ཞིག་སྤྲོད་ཀྱི་ཡོད་པ་མ་ཟད། ཞི་བའི་གྲོས་མོལ་ཡོང་རྒྱུར་ཕྱོགས་གཉིས་ཀར་ཕན་ཐོགས་ཐུབ་རྒྱུ་དང་། གཞན་ཡང་བོད་ནང་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཐུབ་པའི་སྲིད་བྱུས་ལག་བསྟར་ཡོང་རྒྱུ་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་བཅས་ལའང་ཕན་ཐོགས་ཡོང་ངེས་ཡིན།

ད་ཆ་འཛམ་གླིང་ཁྱོན་ཡོངས་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་དུ་འགྲོ་བཞིན་པའི་སྐབས། སྐུ་ཞབས་ཁྱེད་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བ་དེས་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཚོར་བོད་དོན་བདེན་མཐའ་གསལ་རྒྱུར་རེ་བ་དང་ཡིད་ཆེས་ཆེན་པོ་ཐོབ་ཡོད། བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་བྱུང་བའི་གནས་ཚུལ་གོ་ཐོས་བྱུང་འཕྲལ་ང་ཚོ་ཚང་མ་ཤིན་ཏུ་ནས་དགའ་ཚོར་ཆེན་པོ་བྱུང་བ་དང་། དེ་བརྒྱུད་ནས་ང་ཚོར་ཕན་ཐོགས་ཆེན་པོ་ཡོང་བའི་རེ་བ་ཡོད།

ངས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སླར་ཡང་ཨ་རིའི་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ལོ་མང་རིང་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོང་རྒྱུར་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ལས་དོན་ཚན་པས་མཐུན་འགྱུར་རྒྱབ་སྐྱོར་གང་ལེགས་གནང་བར་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཁྱེད་ཀྱི་ལས་གནས་དེའི་ཐོག་གི་ལས་དོན་ཐམས་ཅད་ལམ་ལྷོངས་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་གནང་འདུག་པ་བཅས། །