༄༅། ། ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༧ རེས་གཟའ་ཉི་མའི་ཉིན་གྱི་སྔ་དྲོར་བོད་དོན་རྒྱབ་སྐྱོར་བ་རྒན་གྲས་དང་། རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་ཇ་སི་ཝནྟ་སིངྒ་ (Shri Jaswant Singh) མཆོག་དགུང་ལོ་ ༨༢ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། དེ་རིང་ཕྱི་ཚེས་ ༢༨ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དམ་པ་ཁོང་གི་བུ་སོགས་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུས་གནང་འདུག
དམ་པ་ཁོང་གི་བུ་སྐུ་ཞབས་མཱན་ཝིན་དར་སིངྒ་ (Shri Manvendra Singh) མཆོག་ལ་ཐུགས་གསོའི་འཕྲིན་ཡིག་ཕུལ་བའི་ནང་འཁོད་དོན། རྒྱ་གར་བྷི་ཇེ་པི་སྲིད་དོན་ཚོགས་པའི་དབུ་འཁྲིད་རྒན་གྲས་དང་། རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་ཇ་སི་ཝནྟ་སིངྒ་མཆོག་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོས་འཕྲལ་ང་ཚོ་ཚང་མ་ཤིན་ཏུ་ནས་བློ་ཕམ་ཆེན་པོ་བྱུང་། ཁོང་སྐུ་འཚོ་བཞུགས་རིང་རྒྱ་གར་གྱི་དམག་དཔོན་དང་། དེ་བཞིན་རྒྱ་གར་དབུས་གཞུང་གི་ཕྱི་སྲིད་ལྷན་ཁང་དང་། བདེ་སྲུང་ལྷན་ཁང་། དཔལ་འབྱོར་ལྷན་ཁང་བཅས་གལ་ཆེའི་ལས་གནས་ཁག་གི་བློན་ཆེན་གནང་སྟེ་རྒྱ་གར་གཞུང་ལ་ཞབས་ཕྱི་ཧུར་ཐག་ཞུས་གནང་ཡོད་པ་མ་ཟད། དམ་པ་ཁོང་ནི་རྒྱ་གར་གྲོས་ཚོགས་འཐུས་མི་ལས་ཡུན་རིང་ཤོས་གནང་མཁན་གྱི་གྲས་ཤིག་ཀྱང་ཡིན།
སྐུ་ཞབས་དམ་པ་ཇ་སི་ཝནྟ་སིངྒ་མཆོག་གི་མཁྱེན་ཡོན་དང་། རྒྱལ་ཁབ་ལ་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུས་པ་རྣམས་ཚང་མས་རྟག་ཏུ་དྲན་ངེས་ཡིན། ཁོང་ནི་རྒྱ་གར་བྷི་ཇེ་པི་སྲིད་དོན་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་གྲས་ཀྱི་མི་སྣ་ཞིག་ཡིན་པ་མ་ཟད། ཚོགས་པའི་ཡར་རྒྱས་ཐོག་གལ་ཆེའི་ནུས་པ་བཏོན་ཡོད། ང་ཚོ་བོད་པ་ཚོར་མཚོན་ན། དམ་པ་ཁོང་ནི་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གནང་མཁན་གཙོ་བོ་དང་རྙིང་ཤོས་གྲས་ཤིག་ཡིན།
ངས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། དུས་ཚོད་དཀའ་ཁག་ཅན་འདིར་སྐུ་ཞབས་ཁྱེད་དང་། ཁྱེད་ཀྱི་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན།
དམ་པ་ཁོང་གྲོས་ཚོགས་འཐུས་མི་གནང་བའི་རིང་ང་ཚོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཁག་ལ་ཐེངས་ཁ་ཤས་མཇལ་འཕྲད་གནང་རྒྱུའི་གོ་སྐབས་བྱུང་ཡོད་པ་མ་ཟད། དམ་པ་ཁོང་གིས་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གནང་རྒྱུར་ཞལ་བཞེས་དང་། དེ་བཞིན་བོད་དོན་རྒྱབ་སྐྱོར་མཚོན་སླད་བོད་དོན་ལས་འགུལ་ཁག་ཅིག་ནང་ལའང་མཉམ་ཞུགས་གནང་ཡོད། དཔེ་མཚོན་ཙམ་ཞིག་ཞུས་ན། ཕྱི་ལོ་ ༢༠༡༣ ཟླ་ ༢ ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཀའ་སྤྱི་གཉིས་ཀྱིས་སྣེ་ཁྲིད་པའི་བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་ཆེན་མོའི་སྐབས་དམ་པ་ཁོང་མཉམ་ཞུགས་ཀྱིས་གསུང་བཤད་གནང་སྐབས་བོད་ཀྱི་རྩ་དོན་ཐོག་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད།
དམ་པ་ཁོང་ནི་བོད་ཀྱི་རྩ་དོན་ཐོག་བློ་ཐག་ཉེ་པོ་གནང་མཁན་ཞིག་དང་། ག་དུས་ཡིན་ནའང་རྒྱབ་སྐྱོར་གནང་མཁན་ཞིག་ཡིན། དམ་པ་ཁོང་རྒྱ་གར་བྱང་ཤར་རྡོར་གླིང་གི་གྲོས་ཚོགས་འཐུས་མི་གནང་སྐབས། རྡོར་གླིང་ལ་གནས་སྡོད་བྱེད་མཁན་བོད་མི་རྣམས་ལ་རོགས་རམ་གང་ཐུབ་གནང་ཡོད་པ་མ་ཟད། རྡོར་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་ལའང་མཐུན་འགྱུར་རོགས་རམ་གནང་ཡོད། ཁོང་གིས་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་གནང་བ་དེ་དག་ལ་ང་ཚོས་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ངས་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དམ་པ་ཁོང་གི་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་དང་། ཁོང་གི་རྗེས་འབྲངས་པ་རྣམས་ལ་ཐུགས་གསོ་ཞུ་རྒྱུ་ཡིན།
དམ་པ་ཁོང་སྐུ་གཤེགས་པ་དེས་རྒྱ་གར་རྒྱལ་ཁབ་ཡོངས་ལ་གྱོང་གུད་ཆེན་པོ་ཕོག་ཡོད་པ་མ་ཟད། ང་ཚོ་བོད་པ་ཚོ་ལའང་དེ་ལྟར་གྱོང་གུད་ཕོག་ཡོད་ཅེས་འཁོད་གནང་འདུག་པ་བཅས། །