དཔལ་ལྡན་ཚོགས་གཙོ་མཆོག་གིས་རྒྱ་གར་མདྱ་པྲ་དེཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་མཆོག་དང་མཇལ་འཕྲད་གནང་བ།

༄༅། ། ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༤༠ ཙམ་གྱི་ཐོག་རྒྱ་གར་དབུས་ཀྱི་མངའ་སྡེ་མདྱ་པྲ་དེཤ་ཡི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཤིབ་རཇཱ་ སིང་ ཅའོ་ཧན་ (Shivraj Singh Chouhan, Former Chief Minister of Madhya Pradesh) མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་སྐབས་དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཕེབས་བསུའི་སྣེ་ལེན་དང་མཇལ་འཕྲད་གནང་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྣེ་འཁྲིད་འོག མདྱ་པྲ་དེཤ་ཡི་སྤྱི་ཁྱབ་བློན་ཆེན་ཟུར་པ་མཆོག་དང་། ཧི་མ་ཅྰལ་མངའ་སྡེའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀི་ཤན་ཀ་པུར་ (Kishan Kapoor,MP) མཆོག་རྣམ་གཉིས་ཀྱིས་གཙོས་འབྲེལ་ཡོད་ལས་བྱེད་རྣམས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་དང་འབྲེལ། དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་ཀྱི་རྩ་དོན་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས། བོད་མིའི་སྒྲིག་འཛུགས་སྐོར་ངོ་སྤྲོད་མདོར་བསྡུས་གནང་ཡོད་པ་བཅས། །

Menu