དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐེ་ཝན་ནང་གི་ཚོགས་པ་ཞིག་གི་ཚོགས་གཙོས་དབུས་པའི་ཚོགས་མི་ཁག་ཅིག་དང་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཙམ་གྱི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཚོགས་གཙོའི་ལས་ཁུངས་སུ་ཐེ་ཝན་ནང་རྟེན་གཞི་བྱས་པའི་ (Permanent Peace Partnership) ཞེས་པའི་ཚོགས་པའི་ཚོགས་གཙོ་དང་ཚོགས་མི་ཁག་ཅིག་ལྷན་མཇལ་འཕྲད་གནང་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་ཁྱད་ཆོས་སྲིད་དོན་ཚོགས་པ་མེད་པའི་མང་གཙོ་ཡིན་སྐོར་དང་། ཉེ་ཆར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཡུ་རོབ་ལཊ་ཝི་ཡའི་རྒྱལ་ས་རི་གར་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པའི་སྐོར་སོགས་གསུངས་གནང་ཡོད་པ་མ་ཟད། ཁོང་རྣམ་པས་བོད་མིའི་སྒྲིག་འཛུགས་དང་འབྲེལ་བའི་དྲི་བ་ཁག་ཅིག་ཕུལ་བར་ལན་འདེབས་གསལ་བཤད་གནང་སོང་། དེ་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་དང་ལྷན་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་དུ་ཕེབས་པ་དང་། སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། ཚོགས་འདུའི་འགྲོ་ལུགས། ཕྱི་ཟླ་གསུམ་པའི་ནང་སྔོན་རྩིས་ཚོགས་དུས་དང་། ཕྱི་ཟླ་དགུ་པའི་ནང་ལོ་འཁོར་ལས་བསྡོམས་དང་སྤྱིར་བཏང་ཚོགས་དུས་བཅས་ཀྱི་སྐོར་གསུངས་གནང་སོང་།

གཞན་ཡང་དེ་ཉིན་སྔ་དྲོ་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུ་ཚན་པ་ (tibetcorps) བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ཏུ་དང་བླངས་ཞབས་ཞུ་གནང་མཁན་མི་གྲངས་ ༡༥ ཙམ་ལ་ཆུ་ཚོད་ ༡ རིང་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཐོག་གསུང་བཤད་གནང་ཡོད་པ་བཅས། །

 

Menu