དཔལ་ལྡན་ཚོགས་གཙོ་མཆོག་སིར་མུར་ས་གནས་ཧིན་བོད་མཛའ་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༢ པའི་ཐོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། །ཧི་མྰ་ཅལ་མངའ་ཁོངས་སིར་མུར་རྫོང་ཁོངས་བོད་མིའི་གཞིས་ཁག་བཞིའི་ས་གནས་མི་མང་ཐུན་མོང་ནས་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༩ ཉིན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་ཆེན་ཐེངས་ ༢ པ་དེ་བཞིན་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་སུ་བསྐོང་ཚོགས་གནང་ཡོད་འདུག

དེ་ཉིན་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་། ཆེ་བསྟོད་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག  དེ་བཞིན་དམིགས་བསལ་སྐུ་མགྲོན་དུ་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མཱ་དན་ལཱལ་ཁུ་ར་ན་ (Dr. Madan Lal Khurana) ལགས་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་སྐུ་ཞབས་གྷི་ཏ་རམ་ཁྲ་ཀུར་ (Shri. Gita Ram Thakur) ལགས་མགྲོན་འབོད་གནང་ཡང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་གཟུགས་བདེ་མིན་གྱི་ཚོགས་བཅར་ཐུབ་མེད། ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྒྱ་གར་བ་མི་གྲངས་ ༧༦ ཡོད་པ་རྣམས་ལ་མགྲོན་ཤོག་ཕུལ་བའི་ཐོག་ས་གནས་ཀྱི་རྒྱ་གར་གནད་ཡོད་མི་སྣ་གཞན་ཁག་བཅས་ཁྱོན་བསྡོམས་སྐུ་མགྲོན་གྲངས་ ༡༠༠ ལྷག་དང་། ས་གནས་ཁག་གི་བོད་མི་ཆེད་ཕེབས་ཐོག་ཚོགས་ཆེན་ཐེངས་ ༢ པའི་མཛད་སྒོ་ཐོག་མཐའ་བར་གསུམ་ལེགས་གྲུབ་བྱུང་ཡོད།

སྐབས་དེར་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གསུང་བཤད་ནང་དོན། དེ་རིང་སིར་མུར་རྫོང་གི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་ཆེན་ཐེངས་ ༢ པའི་ནང་ཚོགས་མི་ཁག་ཅིག་ང་ཚོའི་ལྷན་བཅར་མ་ཐུབ་ཀྱང་སེམས་པ་ང་ཚོའི་ལྷན་ཡོད་དུས་ཁོང་ཚོར་གུས་འདུད་དང་བཅས་འཚམས་འདྲི་ཞུ་རྒྱུ་དང་། དེ་དང་ཆབས་ཅིག་ཆེ་བསྟོད་སྐུ་མགྲོན་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་དང་། དམིགས་བསལ་སྐུ་མགྲོན་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་སྐུ་ཞབས་གྷི་ཏ་རམ་ཁྲ་ཀུར་ལ་སོགས་པའི་སྐུ་མགྲོན་རྣམ་པ་དང་། ཚོགས་བཅར་བ་རྣམས་ལ་ཐོག་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

སིར་མུར་རྫོང་གི་ཧིན་བོད་མཛའ་འབྲེལ་ཚོགས་པ་དེ་ཕྱི་ལོ་ ༡༩༨༦ ལོར་གསར་འཛུགས་་གནང་ནས་ད་ཆ་ལོ་ངོ་ ༣༣ འཁོར་ཏེ་ཚོགས་ཆེན་ཐེངས་ ༢ པ་ཚོགས་པའི་ཐོག་ཕྲན་འདིར་སྐད་བཏང་བར་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་དང་། ད་ལྟ་འདིར་འཕགས་བོད་གཉིས་ཀྱི་འབྲེལ་བའི་སྐོར་ངས་ཞུ་དགོས་དོན་གང་ཡང་མི་འདུག གང་ཡིན་ཞེ་ན་ཚང་མས་མཁྱེན་གསལ་རེད། ང་ཚོའི་དབར་ཆོས་དང་རིག་གཞུང་གི་འབྲེལ་བ། ཁོར་ཡུག་གི་འབྲེལ་བ། སྤྱི་ཚོགས་ཀྱི་འབྲེལ་བ། མདོ་དོན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་གསུང་དོན་ལྟར། འཕགས་བོད་གཉིས་དབར་དགེ་སློབ་ཀྱི་འབྲེལ་བ་ཟབ་པོ་ཞིག་ཆགས་ཡོད། དེ་འདྲ་ཡིན་དུས་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཚད་ལས་བརྒལ་བའི་དྲག་གནོན་བྱེད་སྐབས། བཙན་བྱོལ་ཞུ་ས་གཙོ་བོ་འདི་ཐོག་མ་ཉིད་ནས་དགེ་རྒན་རྒྱལ་ཁབ་རྒྱ་གར་ལ་གཟིགས་པ་དང་། དེ་འདྲ་ཡིན་ཙང་ད་བར་ལོ་ངོ་ ༦༠ རིང་རྒྱ་གར་གྱི་ས་གནས་མང་པོར་བོད་མི་གནས་བཞིན་ཡོད། དེ་ཡང་ང་ཚོའི་མི་རབས་དང་པོས་སྐུ་ལས་མང་པོ་བསྐྱོན་གནང་ཡོད་པ་དང་། མི་རབས་གཉིས་པས་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་སྐུ་ལས་བསྐྱོན་བཞིན་ཡོད་པ་རེད། ད་ལྟའི་ཆར་བོད་ནང་གི་གནས་ཚུལ་ཧ་ཅང་ཛ་དྲག་ཆགས་ཡོད་པ་དང་། དམིགས་བསལ་ཕྱི་ལོ་ ༢༠༠༨ ནས་བཟུང་བོད་ཆོལ་གསུམ་ནང་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་མི་བཟོད་པར་གཞིས་ལུས་བོད་མི་ཚོས་ལས་འགུལ་མང་པོ་ཞིག་མ་སྤེལ་རང་སྤེལ་བྱུང་ཡོད། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༥༣ ཙམ་གྱིས་སྐུ་ལུས་མེར་བསྲེགས་མ་ཕུལ་ཐབས་མེད་བྱུང་ཡོད་པ་དང་། དེར་སྐྱ་སེར་ཕོ་མོ་རྒན་གཞོན་འདྲ་མིན་ཡོད་པའི་ནང་ནས་ཕལ་ཆེ་བ་གཞོན་སྐྱེས་ཆགས་ཡོད། བོད་ནང་ལ་དམ་དྲག་ཧ་ཅང་གི་ཆེན་པོ་ཡོད་པ་དང་། བོད་མི་ཚོ་ཕར་ཚུར་འགྲོ་འོང་བྱེད་དགོས་པའི་སྐབས་ལའང་ཧ་ཅང་གི་དཀའ་ངལ་ཡོད། བོད་ཀྱི་རྒྱལ་ས་ཆེ་ཁག་ལ་སྐུ་སྲུང་བའི་སྒྲིག་ཆས་མ་གྱོན་ནས་ལྟ་སྲུང་བྱེད་བཞིན་ཡོད་པ།  བརྙན་མིག་ (CCTV) བརྒྱུད་ལྟ་སྲུང་བྱེད་པ། སྤྱི་ཚོགས་ལ་དམ་དྲག་བྱས་དང་བྱེད་བཞིན་པ་ཙམ་མ་ཡིན་པར་ཁོར་ཡུག་ཐོག་ཞུས་པ་ཡིན་ནའང་། བོད་ཀྱི་གཙང་པོ་རྣམས་ལ་ཆུ་རགས་བཙུགས་ཏེ་ཁ་བསྒྱུར་བ་དང་། བཀག་པ་སོགས་བྱས་པའི་རྐྱེན་གྱིས་རྒྱ་གར་གཙོས་པའི་ཨེ་ཤི་ཡའི་རྒྱལ་ཁབ་མང་པོར་དོ་ཕོག་བྱུང་བཞིན་ཡོད། རྒྱ་ནག་དམར་པོའི་གཞུང་གིས་སོ་སོའི་འདོད་ཆོག་འཛིན་ཆེད། འབྲོག་ལམ་ (Doklam) ལ་རྙོག་ཟིང་བཟོས་སྐབས། རྒྱ་གར་གྱི་གདོང་ལེན་བྱས་པ་དེས་རྒྱ་གར་ལ་ནུས་པ་ཇི་ཡོད་རྟོགས་ཐུབ། དེ་བཞིན་ (China–Pakistan Economic Corridor)(CPEC)) གྱི་འཆར་གཞི་ཡང་རྒྱ་ནག་ཁོ་ནའི་ཆེད་དམིགས་པ་ཞིག་ཡིན་དུས་ལམ་ལྷོངས་འགྲོ་མི་ཐུབ། དེ་འདྲ་ཡིན་ཙང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ངོས་ནས་རྒྱ་གར་ལ་དོ་ཕོག་ཇི་འདྲ་ཡོང་སྐོར་དོ་སྣང་བྱ་དགོས་རྒྱུ་གལ་ཆེན་པོ་ཡིན་ཞེས་ཞུ་རྒྱུ་ཡིན།

ང་ཚོ་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་འཆར་གཅིག་གི་ནང་རྒྱ་གར་མངའ་སྡེ་ཁག་གི་ནང་མངའ་སྡེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་འཆར་ཡོད་པ་དང་། སྔ་འཕྲོས་རིང་བོད་མི་གནས་སའི་མངའ་སྡེ་ཡོངས་ལ་འཛུགས་རྒྱུར་རྣམ་པ་ཚོས་མཐུན་འགྱུར་གང་ལེགས་གནང་རོགས་ཞུ་རྒྱུ་དང་། བོད་དོན་བདེན་མཐའ་ག་དུས་གསལ་ཐུབ་མིན་གྱི་དུས་ཚོད་མ་ངེས་ཀྱང་དེ་མ་སྲིད་པ་ཞིག་མིན་དུས་བོད་དོན་བདེན་མཐའ་གསལ་ཆེད་ཧིན་བོད་མཛའ་འབྲེལ་ཚོགས་པས་རྒྱ་གར་ན་གཞོན་ཚོར་བོད་ཀྱི་གནས་བབ་ངོ་སྤྲོད་ཆེད། སློབ་གྲྭ་དང་། མཐོ་སློབ་སོགས་ཀྱི་ནང་ཕེབས་ཏེ་གཞོན་སྐྱེས་ཚོར་བོད་དོན་ངོ་སྤྲོད་གནང་རྒྱུ་གལ་ཆེ་རེད་བསམ། ད་བར་བོད་དོན་བདེན་མཐའ་གསལ་ཆེད་གྲུབ་འབྲས་གང་ཐོན་པ་དེ་དག་གཙོ་བོ་༧གོང་ས་མཆོག་གི་ཐུགས་རྗེའི་བྱིན་རླབས་དང་ལམ་སྟོན་འོག་བྱུང་བ་ཞིག་དང་། དེ་བཞིན་དུ་རྒྱ་གར་རྒྱལ་ཁབ་དང་། མི་མང་གིས་རྒྱབ་སྐྱོར་བླ་མེད་གནང་བར་བརྟེན་ནས་བྱུང་བ་ཞིག་ཡིན། སིར་མུར་རྫོང་ནང་ལའང་ལོ་ངོ་ ༥༠ ལྷག་རིང་བོད་པའི་གཞིས་ཆགས་བཞི་ཙམ་གནས་བསྡད་ཡོད། ངའི་རེ་བ་ལ་བོད་དོན་བདེན་མཐའ་གསལ་རྒྱུའི་ཆེད་ཁྱེད་རྣམས་ནས་གོ་བསྡུར་སྦྱངས་བཤད་དང་། བསམ་བློ་གང་མང་གཏོང་གལ་ཆེ་བ་དང་། སིར་མུར་རྫོང་གི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ནུས་ཤུགས་གོང་མཐོར་གཏོང་དགོས། མཐའ་དོན་ཚོགས་བཅར་བ་ཡོངས་ལ་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་གནང་ཡོད་འདུག་པ་དང་།

གཞན་ཡང་མཛད་སྒོའི་ཐོག་ཆེ་བསྟོད་སྐུ་མགྲོན་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་གིས་བོད་ཀྱི་བདེ་འཇགས་ནི་རྒྱ་གར་ལ་གལ་གནད་ཆེ་བའི་རང་བཞིན་དང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ཀྱི་སྐོར་གསུང་བཤད་དང་། དམིགས་བསལ་སྐུ་མགྲོན་ཧིན་བོད་མཛའ་ཚོགས་ཀྱི་དྲུང་ཆེ་ཡིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད། སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་དགེ་ལེགས་འཇམས་དབྱངས་ལགས་ཀྱིས་ཧི་མྰ་ཅལ་མངའ་ཁོངས་སིར་མུར་རྫོང་ཁོངས་བོད་མིའི་གཞིས་ཁག་བཞིའི་ལོ་རྒྱུས་སྙིང་བསྡུས་སྙན་སྒྲོན་དང་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་ཞུས་གནང་ཡོད་འདུག

མཐར་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་ཆེ་བསྟོད་སྐུ་མགྲོན་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་རྣམ་གཉིས་ནས་ཧིན་བོད་མཛའ་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཆེ་སོ་སོར་ལེགས་སྐྱེས་དང་། ཆེ་བསྟོད་སྐུ་མགྲོན་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་གིས་ཧིན་བོད་མཛའ་ཚོགས་ཀྱི་ཚོགས་མི་དང་། དེ་བཞིན་རྒྱ་གར་ཚོགས་བཅར་བ་ཡོངས་ལ་མཇལ་དར་གནང་ཡོད་འདུག་པ་བཅས། །