དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ལ་དྭགས་ཁུལ་གྱི་མཛད་འཆར་ཁག་ལེགས་གྲུབ་བྱུང་བ།

༄༅། ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༤ ནས་ ༢༦ བར་ཉིན་གསུམ་རིང་ལ་དྭགས་ཁུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ་ཕྱི་ཚེས་ ༢༧ ཉིན་གྱི་ཕྱི་དྲོ་རྡ་སར་ཕེབས་འབྱོར་གནང་ཡོད།

དེ་ཡང་ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ཙམ་ལ་དྭགས་སུ་ཕེབས་འབྱོར་མཚམས། ས་འཐུས་ཚོགས་གཙོ་དང་། ལ་སྤྱི། མཉམ་འབྲེལ་ཚོགས་གཙོ། གཞན་ཡང་ཚོགས་པ་ཁག་གི་སྐུ་ཚབ་བཅས་ནས་སྣེ་ལེན་གཟབ་རྒྱས་གནང་ཡོད་འདུག་པ་དང་། དེ་ནས་ལ་དྭགས་ཡུལ་ལྗོངས་ཡར་རྒྱས་ཚོགས་པའི་སྡེ་དཔོན་རྡོ་རྗེ་དངོས་གྲུབ་མཆོག་དང་མཇལ་འཕྲད་གནང་ཡོད་འདུག

ཕྱི་ཚེས་ ༢༥ ཉིན་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་གཙོ་སྐྱོང་འོག་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་སུ་ཉིན་གསུམ་རིང་གི་བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༨ པའི་དབུ་འབྱེད་མཛད་སྒོའི་ཐོག་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད།

དེ་ཉིན་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་སྤྱི་འཐུས་པདྨ་བདེ་ལེགས་མཆོག ལ་དྭགས་ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པ། ས་གནས་མཉམ་འབྲེལ་ཁག་བཅོ་ལྔ་ནས་ཕེབས་པའི་ཚོགས་གཙོ་དང་དྲུང་ཆེ་བཅས་ལྷན་འཛོམས་ཐོག་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་བ་དང་། དེ་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་གིས་༧གོང་ས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་མཚམས་སྣང་གསལ་མར་མེ་ཞལ་ཕྱེ་གནང་།

དེའི་སྐབས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་སྤྱི་ཁྱབ་འགན་འཛིན་ལས་ཚབ་ཐུབ་བསྟན་ཚེ་རིང་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་གནང་བ་དང་། དེ་ནས་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་སྤྱི་འཐུས་པདྨ་བདེ་ལེགས་མཆོག་གིས་ཚོགས་འདུའི་ངོ་སྤྲོད་གསུང་བཤད་གནང་རྗེས། དམིགས་བསལ་སྐུ་མགྲོན་དཔལ་ལྡན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ནས་བཀའ་སློབ་གནང་བ་དང་། དེ་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཚོགས་བཅར་བ་ཡོངས་ལ་བཀའ་སློབ་ལམ་སྟོན་གནང་། མཐར་ལ་དྭགས་བསོད་ནམས་གླིང་མཉམ་འབྲེལ་ཚོགས་གཙོ་སྟོབས་རྒྱལ་ཚེ་རིང་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་དབུ་འབྱེད་མཛད་སྒོ་རྒྱལ་ཁའི་ངང་གྲོལ་གནང་ཡོད།

ཉིན་རྒྱབ་ལ་སྤྱི་ལས་ཁུངས་སུ་ལ་དྭགས་སླེ་བྱང་གཉིས་ཀྱི་ས་གནས་ཀྱི་གནད་ཡོད་མི་སྣ་མཉམ་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་གནང་ཡོད་པ་དང་། སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་དང་འབྲེལ་བའི་ཐོག་གསུང་བཤད་གནང་ཡོད་པ་མ་ཟད། ཚོགས་བཅར་བའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད། སྐབས་དེར་ས་བགོས་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག་གཉིས་ལྷན་བཅར་ཞུས་ཡོད་པ་དང་། ས་བགོས་ཀྱི་ལས་རིམ་དང་འབྲེལ་བའི་གསུང་བཤད་མདོར་བསྡུས་རེ་གནང་ཡོད་འདུག

དེ་ཉིན་དགོང་དྲོ་མཉམ་འབྲེལ་ནས་གསོལ་ཚིགས་ཤིག་འདེགས་འབུལ་ཞུས་པའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གདན་ཞུས་གནང་བ་དང་། དེའི་སྐབས་རྒྱ་གར་དབུས་གཞུང་གི་སོ་ནམ་བློན་ཆེན་གཞོན་པ་པུ་རུ་ཤོ་ཏམ་རུ་པ་ལ་ (Purushottam Rupala) མཆོག་དང་། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཐུབ་བསྟན་ཚེ་དབང་ལགས། ལ་དྭགས་ཡུལ་ལྗོངས་ཡར་རྒྱས་ཚོགས་པའི་སྡེ་དཔོན་བཅས་དང་མཇལ་འཕྲད་གནང་ཡོད།

ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོར་དཔལ་ལྡན་ཚོགས་གཙོ་མཆོག་དང་། ནང་སྲིད་བཀའ་བློན་མཆོག དེ་བཞིན་ས་བགོས་སྤྱི་འཐུས་རྣམ་པ་གཉིས། ལ་སྤྱི་བཅས་དཔལ་མགོན་མཚོ་མཇལ་བར་ཕེབས་གནང་ཡོད་པ་དང་། དགོང་མོ་ལ་སྤྱི་ལས་ཁུངས་ཀྱི་གསོལ་ཚིགས་ཤིག་གོ་སྒྲིག་གནང་བའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་དང་། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཐུབ་བསྟན་ཚེ་དབང་ལགས། ལ་དྭགས་ཡུལ་ལྗོངས་ཡར་རྒྱས་ཚོགས་པའི་སྡེ་དཔོན་བཅས་ཆེད་ཕེབས་གནང་ཡོད། ལ་དྭགས་ཁུལ་གྱི་མཛད་འཆར་ཁག་ཡོངས་སུ་ལེགས་པར་གྲུབ་རྗེས། ཕྱི་ཚེས་ ༢༧ ཉིན་ལ་དྭགས་ནས་ཇ་མུར་བརྒྱུད་རྡ་སར་ཕེབས་འབྱོར་གནང་ཡོད་པ་བཅས། །

 

Menu