༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༧ ཉིན་མེ་སོར་མེ་འཁོར་འབབ་ཚུགས་སུ་ཕེབས་འབྱོར་མཚམས་ལྷོ་སྤྱི་མཆོག་དང་། མེ་སོར་སློབ་ཕྲུག་ཚོགས་པ། སུད་ཚོང་གི་འཐུས་མི། རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སའི་འགན་འཛིན་རྣམ་པས་ཕེབས་བསུ་དང་། དེ་ནས་ལུགས་བསམ་ས་གནས་འགོ་འཛིན་ལས་ཁང་དུ་ཕེབས་འབྱོར་མཚམས་དགོན་སྡེ་ཁག་གི་སྐུ་ཚབ། བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས། ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན། མཉམ་འབྲེལ་ཁག སློབ་གྲྭ་ཁག་དང་། སྨན་ཁང་ཁག་གི་འགན་འཛིན། གཞན་ཡང་སྡེ་ཚན་ཁག་དང་། གཞིས་གྲོང་ཁག་གི་སྤྱི་མི་བཅས་ནས་ཕེབས་བསུའི་མཚམས་འདྲི་ཞུས།
དེ་རྗེས་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སའི་གོ་སྒྲིག་འོག་ “མང་གཙོ་དང་ཆིག་སྒྲིལ་“ ཞེས་པའི་བརྗོད་གཞི་ཐོག་ཉིན་དེའི་ཕྱག་ཚོད་ ༡༠ པའི་ཐོག་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ལ་མང་གཙོའི་བྱུང་རིམ་དང་། གོ་དོན། མང་གཙོའི་ཁྱད་ཆོས། མང་གཙོའི་ཆབ་སྲིད་ཀྱི་ལྟ་གྲུབ་རིག་པའི་གལ་གནད་སྐོར་དང་། དེ་བཞིན་ཆིག་སྒྲིལ་ཡོང་བར་འགལ་རྐྱེན་དང་མཐུན་རྐྱེན་གཉིས་ངོས་ཟིན་དགོས་པ་དང་། དེ་ཡང་འགལ་རྐྱེན་སྐོར་ལ་ཕྱི་ཡི་འགལ་རྐྱེན་སྐོར་དང་། ནང་གི་འགལ་རྐྱེན་སྐོར་བཅས་དང་། ཆིག་སྒྲིལ་ཡོང་བར་མཐུན་རྐྱེན་གྱི་གལ་གནད་སྐོར་བཅས་ཀྱི་ཐོག་གསུང་བཤད་གནང་བ་དང་། དྲི་བར་ལན་འདེབས་དང་གསལ་བཤད་གནང་། དེ་རྗེས་བོད་ཁྱིམ་སློབ་གྲྭ་དང་། ལུགས་བསམ་སཾ་བྷོ་ཊ་སློབ་གྲྭར་གཟིགས་སྐོར་དང་། དེ་བཞིན་ལུགས་བསམ་རྒས་གསོ་ཁང་ལ་གཟིགས་ཞིབ་གནང་ཡོད་འདུག ཉིན་དེའི་ཕྱི་དྲོར་རྣམ་གྲོལ་གླིང་དུ་དགེ་འདུན་པ་དང་། བཙུན་མ་རྣམས་ལ་གོང་གསལ་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་འདུག
ཚེས་ ༡༨ སྔ་དྲོའི་ཉིན་ལུགས་བདེ་གཉིས་ཀྱི་མང་ཚོགས་ལ་གསུང་བཤད་གནང་ཟིན་རྗེས་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་བ་དང་། དེ་རྗེས་བདེ་སླར་སཾ་བྷོ་ཊ་སློབ་གྲྭར་གཟིགས་སྐོར་གནང་། དེ་བཞིན་བདེ་སླར་ས་གནས་འགོ་འཛིན་ལས་ཁུངས་དང་། མཉམ་འབྲེལ་ལས་ཁུངས། མཉམ་འབྲེལ་གྲུམ་གདན་བཟོ་གྲྭ་དང་ཚོང་ཁང་བཅས་ལ་གཟིགས་སྐོར་གནང་།
ཉིན་དེའི་ཕྱི་དྲོར་གསར་འབྱོར་བཞུགས་ཁང་གསར་རྒྱག་ལས་གཞིར་གཟིགས་ཞིབ་གནང་། དེ་རྗེས་སེ་ར་ཐེག་ཆེན་གླིང་གི་བླ་སྤྱིའི་གཙུག་ལག་ཁང་དུ་དགེ་འདུན་པ་རྣམས་ལ་གསུང་བཤད་གནང་།
སྐབས་དེར་སེ་ར་བྱེས་སྨད་གྲྭ་ཚང་གཉིས་ཀྱི་མཁན་རིན་པོ་རྣམ་གཉིས་ཆེད་ཕེབས་ཀྱིས་སེ་ར་བྱེས་མཁན་རིན་པོ་ཆེ་མཆོག་ནས་ཕེབས་བསུའི་གསུང་བཤད་དང་། སེ་ར་སྨད་མཁན་རིན་པོ་ཆེ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་འདུག་པ་དང་། རྒྱལ་ཡོངས་མང་གཙོ་ཚོགས་པས་གདན་ཞུས་ལྟར་སྦེལ་ཀོབ་གཞིས་ཆགས་ཀྱི་མང་ཚོགས་དང་། ཆོས་སྡེ་ཁག་ལ་ཕྱོགས་བཞུགས་སྤྱི་འཐུས་པདྨ་བདེ་ལེགས་མཆོག་ལྷན་བཅར་གྱིས་གོང་གསལ་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་འདུག
ཚེས་ ༡༩ སྔ་དྲོའི་ཉིན་ལུགས་བསམ་རང་བདེན་ཚོགས་ཆུང་ལ་གཟིགས་སྐོར་དང་། དེ་ནས་ཕྱོགས་བཞུགས་སྤྱི་འཐུས་མཆོག་དང་། ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན། ས་གནས་མང་གཙོ་ཚོགས་པ་བཅས་ནས་ཕེབས་བསྐྱེལ་ཞུས་གནང་བ་དང་། ཧོན་སུར་གཞིགས་ཆགས་སུ་ཕེབས་འབྱོར་མཚམས་རྫོང་དཀར་ཆོས་སྡེའི་མཁན་རིན་པོ་ཆེ་མཆོག་དང་། རྒྱུད་སྨད་གྲྭ་ཚང་གི་ཕྱག་མཛོད། ས་འཐུས་ཚོགས་གཙོ། ས་གནས་འགོ་འཛིན། མཉམ་འབྲེལ་འགན་འཛིན། གཞན་ཡང་སྡེ་ཚན་ཁག་བཅས་ནས་ཕེབས་བསུའི་འཚམས་འདྲི་ཞུས་གནང་བ་དང་། དེ་རྗེས་གཞིས་ཆགས་ཀྱི་ཚོགས་ཁང་དུ་དགེ་འདུན་པ་དང་། མང་ཚོགས་བཅས་ལ་གོང་གསལ་བརྗོད་གཞིའི་ཐོག་གསུང་བཤད་གནང་།
དེ་རྗེས་དྲི་བར་ལན་འདེབས་གསལ་བཤད་གནང་། དེ་ནས་རྙིང་དགོན་ཨོ་རྒྱན་གླིང་དུ་གནས་མཇལ་དང་། སློབ་གྲྭར་གཟིགས་སྐོར་གནང་། དེ་རྗེས་ཉིན་རྒྱབ་ས་འཐུས་ཚོགས་ཁང་དུ་ས་འཐུས་རྣམས་ལ་ས་གནས་འཐུས་ཚོགས་ཀྱི་འགན་དབང་དང་ལས་དོན་གནང་ཕྱོགས་སྐོར་ལམ་སྟོན་གསུང་བཤད་གནང་། དེ་རྗེས་རྒྱུད་སྨད་གྲྭ་ཚང་དང་། རྫོང་དཀར་ཆོས་སྡེ་གཉིས་ལ་གནས་མཇལ་ཞུས། དེ་རྗེས་སྦེང་ལོར་དུ་ཕེབས་ཐོན་གནང་བ་དང་། གོང་གསལ་ལས་རིམ་ཁག་ལ་ལྷོ་སྤྱི་མཆོག་ཆེད་བཅར་ཞུས་གནང་ཡོད།
ཚེས་ ༢༠ སྔ་དྲོའི་ཉིན་ལྷོ་སྤྱི་དང་། དབུས་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཚོགས་གཞོན་པ་བཅས་ནས་སྦེང་ལོར་གནམ་ཐང་བར་ཕེབས་བསྐྱེལ་དང་བཅས་གཞུང་འབྲེལ་ཕྱོགས་ཕེབས་ཀྱི་ལས་རིམ་རྣམས་ལེགས་གྲུབ་བྱུང་བ་བཅས་ཀྱི་གནས་ཚུལ་དུ། །