དཔལ་ལྡན་ཚོགས་གཙོ་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མིར་ཐུགས་རྗེ་ཆེ་ཞུའི་འཚམས་འཕྲིན་ཕུལ་བ།

༄༅། །བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་པེ་ཊིག་ལི་ཧེ་ Patrick Leahy མཆོག་ལ་ཐུགས་རྗེ་ཆེ་ཞུའི་འཚམས་འཕྲིན་ཕུལ་གནང་འདུག

དེ་ཡང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་པེ་ཊིག་ལི་ཧེ་ Patrick Leahy མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཌ་ཡིན་ཕ་ཡིན་སི་ཊ་ཡིན་ Dianne Feinstein མཆོག་དང་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཁུ་རུ་ཛི་ Cruz མཆོག ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་རུ་བྷི་ཡོ་ Senator Rubio མཆོག་བཅས་ཀྱི་ཚབ་ཞུས་ཏེ་གྲོས་ཚོགས་གོང་ མའི་ནང་།  ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༩ བཞེས་པའི་སྐུའི་འཁྲུངས་སྐར་ཉིན་གྲོས་ཆོད་ཡིག་ཆ་ཨང་ ༤༢༩ S.Res.429  བཏོན་པ་དེར།  ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་འཐུས་མི་རྣམས་ཀྱིས་མང་མོས་ཐོག་རྒྱབ་སྐྱོར་གནང་ཞིང་། གྲོས་ཆོད་ཡིག་ཆ་ཨང་ ༤༢༩ ཞེས་པའི་ནང་འཁོད་དོན་ལྟར་ན།  བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་དང་ཆོས་ལུགས་ཀྱི་དབུ་ཁྲིད་སོགས་བསྐོ་གཞག་གནང་རྒྱུའི་བོད་མིའི་སྲོལ་རྒྱུན་གྱི་ཐུན་མིན་ལམ་ལུགས་དེར་རྒྱ་ནག་གཞུང་གིས་ཐེ་བྱུས་བྱས་ཚེ་རྩིས་མེད་གཏོང་རྒྱུ་ཡིན། ཞེས་འཁོད་ཡོད་པ་མ་ཟད། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༩ དེ་བཞིན་བོད་མིའི་ཐོབ་ཐང་ཉིན་མོ།  ཞེས་དུས་དྲན་སྲུང་བརྩི་ཞུ་རྒྱུ་ཡིན་པའང་འཁོད་ཡོད་འདུག

 དེར་བརྟེན་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཐེངས་འདིར་གྲོས་ཆོད་ཡིག་ཆ་ཨང་ ༤༢༩ ཞེས་པ་བཏོན་པ་བརྒྱུད་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཐད་ཐེ་བྱུས་བྱས་ཚེ་ཁུངས་ལྡན་མིན་པ་ཞིག་ལ་ངོས་འཛིན་བྱ་རྒྱུ་ཡིན་པའི་བཞེངས་ཕྱོགས་དེར་དགའ་བསུ་དང་སྦྲགས་ཐུགས་རྗེ་ཆེ་ཞུའི་འཚམས་འདྲི་ཞུས་གནང་བའི་ནང་འཁོད་དོན། ཆོས་ཕྱོགས་ཀྱི་ལས་དོན་ཐག་གཅོད་བྱ་རྒྱུ་དེ་དག་ཆབ་སྲིད་དང་མ་འབྲེལ་བར་ཆོས་ལུགས་ཀྱི་ལངས་ཕྱོགས་ཁོ་ནའི་ཐོག་ནས་འགྲོ་དགོས། དེར་བརྟེན་བོད་མི་ཚོར་མཚོན་ན་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་ ༡༤ ཆེན་པོ་མཆོག་གིས་བཀའ་རྩ་ལམ་སྟོན་ཁོ་ནའི་འོག་ཤར་སྐྱོད་བྱ་རྒྱུ་རེད།  ལྷག་པར་ཐེངས་འདིར་ཨ་རིའི་གྲོས་ཚོགས་ནང་གྲོས་ཆོད་ཡིག་ཆ་ཨང་ ༤༢༩ བཏོན་པ་དེས་བོད་ཀྱི་སྐད་ཡིག་དང་ལེགས་སྦྱང་།  དེ་བཞིན་ཆོས་དད་རང་དབང་གི་ཐོབ་ཐང་སྲུང་སྐྱོབ་ཐད་ཡར་རྒྱས་ཤུགས་ཆེ་འགྲོ་ཐུབ་ རྒྱུར་ངས་རེ་བ་ཞུ་བཞིན་ཡོད།

གྲོས་ཆོད་དེས་བོད་མིར་བློ་སྤོབས་འཕར་མ་ཞིག་སྐྲུན་ཐུབ་པ་དང་། མ་འོངས་པར་ཡང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སླད་མུ་མཐུད་རྒྱབ་སྐྱོར་གནང་བ་བརྒྱུད་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་ཐོག་བོད་ཀྱི་གནད་དོན་དེ་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་མགྱོགས་མྱུར་གསལ་ཐབས་གནང་རོགས། ཞེས་འབོད་སྐུལ་ཡང་ཞུས་འདུག་པ་བཅས། །

 

ཕྱི་དྲིལ་བོད་ཡིག་ཚན་པས་ཨིན་ཡིག་ལས་བོད་བསྒྱུར་ཞུས་ཡོད་པས།  ཨིན་ཡིག་ལ་རྩ་འཛིན་ཡོད་པ་ཞུ། འདིར་སྣོན་དང་།  ཐུགས་རྗེ་ཆེ་ཞུའི་འཚམས་འཕྲིན།

Menu