དཔལ་ལྡན་ཚོགས་གཙོ་མཆོག་གིས་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༧ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༣༠ ཙམ་ལ་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་ཁལ་ཌེན་བྷི་ (Michael Danby) མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་འཚམས་འདྲི་དང་མཇལ་འཕྲད་གནང་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་ནང་གི་ཆོས་དད་རང་དབང་ཐོག་གསུང་དོན། ཕྱི་ལོ་ ༡༩༦༠ ནང་རྒྱ་ནག་དམར་པོའི་གཞུང་གིས་བོད་ནང་གི་དགོན་སྡེ་ ༦༠༠༠ ལྷག་ཙམ་རྩ་གཏོར་དང་། བླ་མ་མང་པོ་ཞིག་བཙོན་ཁང་ནང་བཅུག་པ་སོགས་བྱས་ནས་ནང་ཆོས་རྩ་མེད་བཟོས་འཆར་ལྟ་བུ་བྱས་ཀྱང་། བཙན་བྱོལ་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆོག་གིས་ཐུགས་རྗེའི་བཀའ་དྲིན་འོག་ནང་ཆོས་སླར་གསོ་གནང་ཡོད་པ་མ་ཟད། འཛམ་གླིང་ནང་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་ཡོད། ཕྱིས་སུ་རྒྱ་ནག་གི་སྲིད་འཛིན་ཏེང་ཞའོ་ཕིང་གིས་ནང་ཆོས་ལ་ཕྱི་ལོགས་ནས་དོ་སྣང་མང་པོ་བྱེད་ཀྱི་འདུག་ཟེར་བའི་སྐད་ཆ་ཞིག་བཤད་པ་གོ་རྒྱུ་ཡོད་པ་རེད། ལོ་རབས་བརྒྱད་ཅུའི་ནང་བོད་ནང་ཆོས་ཕྱོགས་ཐོག་སྲིད་བྱུས་གུ་ཡངས་ཕྲན་བུ་བྱུང་བ་དང་། དེའི་སྐབས་བོད་ནང་དགོན་སྡེ་སླར་གསོ་དང་། དགེ་འདུན་གྱི་སྡེ་བཙུགས་པ་སོགས་བྱུང་ཡང་། ཕྱི་ལོ་ ༢༠༠༠ ཙམ་ནས་དགོན་པའི་ནང་༸གོང་ས་མཆོག་གི་སྐུ་པར་སྒྲིག་བཤོམ་བྱེད་མི་བཅུག་པ་སོགས་ཆོས་དད་རང་དབང་ཐོག་སྔར་ལྷག་དམ་བསྒྲགས་ཤུགས་ཆེ་བྱས་ཡོད། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དེ་ཆབ་སྲིད་རང་གི་དགོས་མཁོར་བེད་སྤྱོད་གཏོང་བ་ལས་ཆོས་ཀྱི་བསམ་བློ་གཏིང་ཟབ་པོ་མེད་པའི་སྐོར་སོགས་གསུངས་གནང་ཡོད།

ཕྱོགས་མཚུངས་བོད་ཀྱི་ཁོར་ཡུག་སྐོར་ལ་གསུང་དོན། བོད་ནི་འཛམ་གླིང་གི་སྣེ་མོ་གསུམ་པ་དེ་ཆགས་ཀྱི་ཡོད་པ་མ་ཟད། ཨེ་ཤི་ཡའི་རྒྱུག་ཆུ་མང་པོ་ཞིག་གི་འབྱུང་ཁུངས་ཀྱང་ཡིན་པ་དང་། རྒྱུག་ཆུ་དེ་དག་རྒྱ་གར་གཙོས་ཁྱིམ་མཚེས་རྒྱལ་ཁབ་མང་པོའི་ཞིག་གི་འཚོ་རྟེན་ལྟ་བུ་ཆགས་ཡོད། རྒྱ་ནག་གཞུང་གིས་བོད་ནང་ཤིང་ནགས་གཅོད་འབྲེགས་དང་། འཛུགས་སྐྲུན་ལས་གཞི་མང་པོ་བྱས་དང་བྱེད་བཞིན་པའི་རྐྱེན་གྱིས་མཐོ་སྒང་བོད་ཀྱི་ཁོར་ཡུག་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཀྱང་། དེ་ལས་ལྡོག་ཏེ་རྒྱ་ནག་གཞུང་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཁ་དཀྲི་བྱས་ཏེ་ཕྱིའི་དུག་རླངས་བོད་ནང་སླེབས་ཚུལ་སོགས་གཞི་མེད་རྐྱང་རྐྱང་བརྗོད་བཞིན་ཡོད།

དེ་བཞིན་རྒྱ་ནག་གི་དཔལ་འབྱོར་གྱི་གནས་སྟངས་ཐོག་གསུང་དོན། རྒྱ་ནག་གི་དཔལ་འབྱོར་ཐོག་ཉམས་ཞིབ་བྱེད་མཁན་དེ་ཚོས་འབྱུང་འགྱུར་ལོ་ངོ་ ༢༠ ནང་རྒྱ་ནག་གི་དཔལ་འབྱོར་ཉམས་ཆག་འགྲོ་རྒྱུའི་ཉེན་ཁ་ཡོད་པ་དང་། རྒྱ་གར་གྱི་དཔལ་འབྱོར་གནས་སྟངས་ཡར་རྒྱས་འགྲོ་གི་རེད་ཅེས་གསུང་གི་འདུག ད་ལྟའི་ཆར་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གིས་ཚོང་གི་ཁེ་ཕན་ཆེད་རྒྱ་ནག་ལ་བསྟུན་ཐབས་བྱེད་ཀྱི་ཡོད་པ་དང་། གལ་ཏེ་དེ་འདྲ་བྱས་ནས་མུ་མཐུད་བསྡད་པ་ཡིན་ན་རྒྱ་ནག་གི་དཔལ་འབྱོར་གྱི་ནུས་པ་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་གསལ་པོ་རེད། གང་ཡིན་ཟེར་ན་ཁོ་ཚོར་དཔལ་འབྱོར་གྱི་ཁྲོམ་རྭ་མང་བ་ཆགས་ཀྱི་ཡོད་པ་སོགས་གསུངས་གནང་ཡོད། དེ་ནས་སྐུ་ཞབས་ཁོང་གིས་ཞོགས་པ་རྡ་སྟེང་བོད་ཁྱིམ་སློབ་གྲྭར་གཟིགས་བསྐོར་ཕེབས་སྐབས་ཀྱི་མྱོང་ཚོར་གསུང་དོན། དེང་སང་བོད་པའི་སློབ་ཕྲུག་མང་ཆེ་བ་རྒྱ་གར་ནང་སྐྱེས་ཡོད་ཀྱང་། བོད་ཀྱི་རིག་གཞུང་དང་སྐད་ཡིག་སོགས་ལ་གཅེས་འཛིན་ཤུགས་ཆེན་པོ་བྱེད་པ་མཐོང་དུས་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་གནང་སོང་། དེ་རྗེས་སྐུ་ཞབས་ཁོང་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་བསྐོར་ཕེབས་གནང་ཡོད།

ཕྱི་ཚེས་ ༢༨ ཉིན་གྱི་དགོང་མོ་རྡ་ས་བོད་ཀྱི་གསོལ་མགྲོན་ཁང་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྐུ་ཞབས་ཁོང་ལ་དགོང་མོའི་གསོལ་ཚིགས་ཤིག་འདེགས་འབུལ་ཞུས་ཡོད་པ་དང་། དེའི་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་ཕེབས་གནང་ཡོད་པ་མ་ཟད། སྐུ་ཞབས་ཁོང་དང་ལྷན་རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཁག་ནང་དཔལ་འབྱོར་གྱི་སྲིད་བྱུས་འཛིན་སྟངས་སོགས་ཀྱི་ཐད་བགྲོ་གླེང་ལྷུགས་པོ་གནང་ཡོད་པ་དང་། མཐར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་དང་གཞུང་ནས་བོད་དོན་ཐོག་ད་བར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་བཅས། །

Menu