དཔལ་ལྡན་ཚོགས་གཙོ་མཆོག་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༣ པའི་མཇུག་བསྡོམས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། །བོད་རྒྱལ་ལོ་ ༢༡༤༥ རབ་གནས་ས་ཁྱི་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༤ ཉིན་རྡ་ས་བོད་ཀྱི་ཟློས་གར་ཐང་ཆེན་དུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༣ པའི་མཇུག་བསྡོམས་མཛད་སྒོ་ཞིག་ཚོགས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། གཞན་སྐུ་མགྲོན་དུ་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་གཙོས་ཁྲིམས་ཞིབ་པ་གཞན་གཉིས། བཀའ་བློན་རྣམ་པ། རང་དབང་ཅན་གྱི་ལས་ཁུངས་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། ས་གནས་ཁག་གི་ལྷ་མོའི་འཁྲབ་སྟོན་པ་རྣམ་པ། སེར་སྐྱ་མི་མང་སོགས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་དང་སྒེར་ངོས་ནས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་ང་ཚོ་མཇུག་བསྡོམས་མཛད་སྒོ་ཆགས་བསྡད་ཡོད་རེད། རྩ་བའི་ཉིན་ཤས་སྔོན་ཞོ་སྟོན་དབུ་འབྱེད་གནང་བ་དང་། དེ་རྗེས་ལྷ་མོའི་ཚོགས་པ་ཁག་གིས་འཁྲབ་སྟོན་བྱས་ནས་དེ་རིང་ནས་ལས་རིམ་ཞིག་མཇུག་རྫོགས་འགྲོ་གི་ཡོད་རེད། རྩ་བའི་མི་མང་དང་། ལྷ་མོ་ཚོགས་པ་ཁག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་དང་། དེའི་སྐབས་༸གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་ཟབ་ཅིང་རྒྱས་པ་གནང་འདུག དེ་ལས་ལྷག་པ་ངར་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། གཙོ་བོ་༸གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་སྙིང་ལ་བཅངས་ནས་ལག་ལེན་དངོས་ཀྱི་ཐོག་ལ་འཁེལ་ཐུབ་དགོས་རྒྱུ་དེ་བོད་མི་ཞིག་ཡིན་པའི་ཆ་ནས་རེད། ལྷག་པར་རྣམ་པ་ཚོ་ཟློས་གར་ལྷ་མོ་ཚོགས་པའི་ཚོགས་མི་ཡིན་པའི་ཆ་ནས་དེ་ཕྲག་ཏུ་བབས་པའི་འགན་འཁྲི་ཞིག་ལ་ངོས་བཟུང་ནས། དེའི་ཐོག་དམིགས་བསལ་གྱི་འབུར་དུ་འདོན་ཐུབ་པ་ཞིག་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་རེད་གཅིག་ཞུ་འདོད་བྱུང་།

རྩ་བའི་ང་ཚོའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཨ་ཅེ་ལྷ་མོ་ཟེར་བ་དེ་གཙོ་བོ་སྲོལ་གཏོད་མཁན་དེ་གྲུབ་ཐོབ་ཐང་སྟོང་རྒྱལ་པོའམ་ཡང་ན་གྲུབ་ཆེན་ལྕགས་ཟམ་པ་ཞེས་ཟེར་གྱི་ཡོད་རེད། ཁོང་ལ་མཚན་གྱི་རྣམ་གྲངས་མང་པོ་ཞིག་ཡོད་རེད། ཁོང་ལྟ་བུར་མཚོན་ན། སྐྱེས་བུ་ཐ་མལ་པ་ནང་བཞིན་གྱི་འདུ་ཤེས་དེ་འདྲ་རྩ་བ་ནས་མ་རེད། ཆོས་ཕྱོགས་ཐོག་ནས་ཞུས་ན་རླུང་སེམས་ལ་རང་དབང་ཐོབ་མཁན། ཤངས་པ་བཀའ་བརྒྱུད་ཀྱི་གྲུབ་མཐའ་འཛིན་མཁན། དེའི་ཐོག་ནས་གཏེར་ཆོས་རེད། སྨན་གཞུང། དེ་བཞིན་དེ་རིང་ང་ཚོས་དངོས་སུ་གཟིགས་རྒྱུ་ཡོད་པའི་ཨ་ཅེ་ལྷ་མོའི་འཁྲབ་གཞུང་སྲོལ་གཏོད་མཁན་ཡིན་པ། དགུང་ལོ་ ༡༢༥ བར་བཞུགས་ཡོད་པ་གང་ལྟར་རྟོགས་པ་མཐོན་པོ་ཡོད་མཁན་ཞིག་རེད། ལྷག་པར་དུ་བོད་ལ་གནའ་སྔ་མོ་ཆུ་ཆེན་པོ་བརྒལ་རྒྱུར་ཀོ་གྲུ་ཙམ་ལས་མེད་པའི་དུས་སྐབས་དེར་གྲུབ་ཆེན་ཁོང་གིས་ཆུ་བོ་ཆེ་ཁག་ལ་ལྕགས་ཟམ་བཙུགས་ཡོད། དེ་འདྲའི་ཐོག་ནས་བོད་མི་རིགས་ལ་མཚོན་པ་ཡིན་ནའང་དངོས་གནས་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཞིག་ཆགས་བསྡད་ཡོད།

ཨ་ཅེའི་ལྷ་མོའི་འཁྲབ་གཞུང་སྲོལ་གཏོད་ནས་ད་བར་ལོ་ ༦༠༠ ལྷག་ཙམ་འགྲོ་གི་ཡོད་རེད། འཁྲབ་གཞུང་ཁག་ལ་མཚོན་ནའང་ནང་དོན་ཕྱུག་ཏུ་ཕྱིན་ཡོད་པ་གསལ་པོ་རེད། ༸རྒྱལ་བ་སྐུ་ཕྲེང་ལྔ་པ་ཆེན་པོ་མཆོག་གི་སྐབས་སུ་འགྲོ་བ་བཟང་མོའི་རྣམ་ཐར་དང་། གཟུགས་ཀྱི་ཉི་མ། དེ་བཞིན་གཅུང་པོ་དོན་ཡོད་དོན་འགྲུབ་ཀྱི་རྣམ་ཐར་སོགས་ལྷ་མོའི་གཞུང་བརྒྱད་ཙམ་བྱུང་ཡོད་པ་དང་། ད་ལྟའི་དུས་ཚོད་ནང་སྟོན་པའི་མཛད་རྣམ་དང་། མཁན་སློབ་ཆོས་གསུམ། དེ་བཞིན་ས་པཎ་གྱི་རྣམ་ཐར་སོགས་འཁྲབ་ཀྱི་ཡོད་རེད། འཁྲབ་གཞུང་གི་རིག་པ་དེའི་ཐོག་ནས་གཞུང་མང་པོ་རྩོམ་ཐུབ་པ་བྱུང་གི་ཡོད། དེ་དག་གཙོ་བོ་བོད་ཀྱི་ཐུན་མོང་མིན་པའི་རིག་གཞུང་དང་། གོམ་གཤིས་དང་འབྲེལ་བ་ཧ་ཅང་ཆེན་པོ་ཆགས་བསྡད་ཡོད། དེང་སང་རྒྱ་གར་གྱི་ (Bollywood) དང་། ཕྱི་རྒྱལ་གྱི་ (Hollywood) གློག་བརྙན་དེ་ཚོས་ཆུ་ཚོད་གཅིག་ཙམ་གཉིས་ཙམ་ནང་སེམས་ཀྱི་ཚོར་བ་དང་མཉམ་དུ་འགྲོ་བསྡད་རྒྱུ་ཞིག་ལས་མ་འོངས་པ་ལོ་གཅིག་གཉིས་ཀྱི་རྗེས་བེད་སྤྱོད་མེད་པ་འདྲ་པོ་ཆགས་ཡོད། ང་ཚོའི་འཁྲབ་གཞུང་ལྟ་བུར་མཚོན་ན་ལོ་ ༦༠༠ ལྷག་འགྲོ་གི་ཡོད། དེའི་ནང་དོན་དེ་ཚོར་བསམ་བློ་བཏང་བ་ཡིན་ན་ང་ཚོའི་ཉིན་རེའི་འཚོ་བའི་ལག་ལེན་ནང་དངོས་སུ་འབྲེལ་བ་ཆགས་བསྡད་ཡོད་པ་དང་། ཏན་ཏན་དགོས་མཁོ་ཡོད་པ་ཞིག་ཡིན། ནང་དོན་ལ་ཆ་བཞག་ན་དོ་སྣང་བྱས་མ་བྱས་པའི་ཐོག་ནས་རྟོགས་མ་རྟོགས་ཡོང་གི་ཡོད་རུང། གལ་ཏེ་དངོས་སུ་དོ་སྣང་བྱས་ནས་རྟོགས་ཐུབ་པ་ཡིན་ན་ཏན་ཏན་ཉིན་རེའི་འཚོ་བའི་ནང་དགོས་མཁོ་ཡོད་པ་རྐྱང་རྐྱང་ཆགས་ཡོད། དཔེར་ན་གཅུང་པོ་དོན་ཡོད་དོན་འགྲུབ་ཀྱི་རྣམ་ཐར་ངས་ཚར་ཁ་ཤས་བཀླགས་མྱོང་ཡོད། ཀློག་པའི་སྐབས་མིག་ནས་འཆི་མ་ཤོར་བ་དེ་འདྲ་ཡོང་གི་ཡོད་རེད། དེ་འདྲའི་ནང་དོན་ཕུན་སུམ་ཚོགས་པ་ཡོད་བསྡད་པ་ཞིག་ཆགས་ཀྱི་ཡོད། ཕྱོགས་གཅིག་ནས་ཐུན་མོང་མིན་པའི་རིག་གཞུང་རེད། ཕྱོགས་གཞན་ཞིག་ནས་ནང་དོན་དེ་ཚོ་འཇིག་རྟེན་མི་ཆོས་ཐོག་ནས་བལྟས་པ་ཡིན་ན་དངོས་གནས་དགོས་མཁོ་ཡོད་པ་ཞིག་དང་། དམ་པའི་ལྷ་ཆོས་ཐོག་ནས་བལྟས་པ་ཡིན་ནའི་དངོས་གནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འཁྲིད་ཐུབ་རྒྱུའི་ནུས་པ་ཡོད་པའི་གཞུང་ལུགས་ཤིག་ཆགས་བསྡད་ཡོད།

ཟློས་གར་ཚོགས་པས་མཚོན་ལྷ་མོ་ཚོགས་པ་ཁག་གི་དངོས་གནས་༸གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་དང་། སོ་སོའི་ངོས་ནས་བོད་ཀྱི་ཐུན་མོང་མིན་པའི་རིག་གཞུང་ཡིན་བསམ་པའི་འདུ་ཤེས་དམ་པོ་བཟུང་བའི་ཐོག་ནས་དེ་རྒྱུན་འཛིན་ཚད་ལྡན་ཡོང་ཐུབ་པ་དེར་བསྔགས་བརྗོད་འོས་པ་ཞིག་རེད་བསམ་གྱི་འདུག བྱས་ཙང་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ཟློས་གར་ཚོགས་པས་གཙོས་ཕྱོགས་མཐའི་ལྷ་མོའི་ཚོགས་པ་ཁག་ལ་དམིགས་བསལ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ང་རང་ཚོའི་གནས་སྟངས་དེ་བཙན་བྱོལ་བའི་གནས་སྟངས་ཤིག་ཆགས་བསྡད་ཡོད། ཕྱོགས་གཅིག་ནས་བོད་ས་ཤོར་བའི་དུས་འགྱུར་རྗེས་བཙན་བྱོལ་ལ་གྱར་ནས་བོད་པའི་གནས་སྟངས་ཉག་ཕྲ་བ་དང་། ཤིན་ཏུ་ནས་དཀའ་ལས་ཁག་པོ་ཡོད་པ། མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་པ་ཞིག་ཆགས་ཡོད་ཀྱང་། དེ་མཉམ་དུ་ང་ཚོས་སོ་སོའི་མི་རིགས་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག གོམས་གཤིས་དེ་ཚོ་བཙན་བྱོལ་ནང་བསྡད་ནས་ལོ་ ༦༠ ལྷག་འགྲོ་གི་ཡོད་རུང་མུ་མཐུད་གནས་ཐུབ་པའི་སེམས་ཤུགས་དང་ནུས་པ་ཏན་ཏན་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འབྱུང་འགྱུར་མི་རབས་གསར་པ་ཚོས་རིག་གཞུང་དང་། སྐད་ཡིག། ལྷག་པར་ལྷ་མོའི་འཁྲབ་གཞུང་དེ་ཚོར་དོ་སྣང་གནང་ནས་མ་འོངས་པར་མུ་མཐུད་ལོ་བརྒྱ་ཕྲག་མང་པོ་གནས་ཐུབ་པ་བྱེད་རྒྱུར་དེ་རིང་ནས་འབད་བརྩོན་བྱེད་དགོས་པ་གལ་ཆེན་པོ་རེད།

མི་རིགས་ཟེར་བ་དེར། དེ་དང་འབྲེལ་བའི་སྐད་ཡིག་དང་རིག་གཞུང་ཡོད། མི་རིགས་དེའི་སྐད་ཡིག་དང་རིག་གཞུང་བརླག་སོང་བ་ཡིན་ན། དེ་ཚོའི་འཐབ་རྩོད་རྩོད་རྒྱུ་ཟེར་བའི་འདུ་ཤེས་ཡོང་གི་མ་རེད། མི་རིགས་དེའི་སྐད་ཡིག་དང་རིག་གཞུང་གནས་པ་ཡིན་ན། དེའི་འཐབ་རྩོད་ཀྱི་ནུས་པ་རང་བཞིན་གྱི་ཆེ་རུ་འགྲོ་རྒྱུ། བྱས་ཙང་ང་ཚོའི་འཐབ་རྩོད་ཐོག་ལའང་དམིགས་བསལ་གྱི་ནུས་པ་འདོན་ཐུབ་རྒྱུའི་ངོ་བོ་ཡོད་མཁན་ཞིག་ཆགས་ཡོད། དེ་འདྲ་ཡིན་དུས་རིག་གཞུང་གཅེས་འཛིན་གནང་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པ་ནས་ལྷ་གཞུང་རྒྱ་བཟའ་བལ་བཟའ་གཟིགས་འབུལ་ཞུས་གནང་བ་བཅས། །

 

 

Menu