དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་ཀྱི་བང་ཆེན་གྱི་བོད་ཨིན་གཉིས་ཀྱི་དྲ་རྒྱ་དང་མཉེན་ཆས་གསར་པ་དབུ་འབྱེད་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༩ ཉིན་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ནས་བོད་ཀྱི་བང་ཆེན་གསར་ཤོག་འདོན་འགྲེམ་བྱས་ནས་ད་བར་ལོ་ངོ་ ༡༥ འཁོར་བའི་དུས་ཚིགས་དང་བསྟུན། མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་ཀྱི་བང་ཆེན་གྱི་བོད་ཨིན་གཉིས་ཀྱི་དྲ་རྒྱ་ Tibet Express (Bod ki Bangchen) དང་། མཉེན་ཆས་ (App) གསར་པ་དབུ་འབྱེད་གནང་ཡོད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཐོག་སྐུ་མགྲོན་གཙོ་བོར་དཔལ་ལྡན་ཚོགས་གཙོ་མཆོག་དང་། ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་འགན་འཛིན་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག དེ་བཞིན་བོད་ཀྱི་བང་ཆེན་གསར་ཁང་གི་འཛིན་སྐྱོང་འགན་འཛིན་སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་གིས་གཙོས་ལས་བྱེད་རྣམ་པ། ཕྱི་ནང་གི་གསར་འགོད་པ་ཁག་བཅས་ལྷན་འཛོམས་ཀྱིས་ཐོག་མར་གསར་ཁང་འགན་འཛིན་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་ཕྱག་ལས་གནང་ཕྱོགས་དང་། དཔལ་འབྱོར་རྒྱབ་རྟེན་སྐོར། དེ་བཞིན་བོད་ཀྱི་བང་ཆེན་གྱི་ཚགས་ཤོག་འདོན་སྤེལ་བྱེད་ཕྱོགས་དང་། བོད་ཨིན་གཉིས་ཀྱི་དྲ་རྒྱ་རྣམ་པ་གསར་པ་བསྒྱུར་བཅོས་སྐོར་དང་མཉེན་ཆས་གསར་པ་བཅས་ངོ་སྤྲོད་གནང་སོང་།

དེ་ནས་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་ཨིན་གཉིས་ཀྱི་དྲ་རྒྱ་དང་མཉེན་ཆས་དབུ་འབྱེད་ཀྱིས་གསུང་བཤད་གནང་དོན། ང་རང་རྩ་བའི་གསར་འགྱུར་རིག་པ་རེད། ལྷག་པར་དུ་འཕྲུལ་ཆས་དང་མཉེན་ཆས་དེ་ཚོར་རྩ་བ་ཉིད་ནས་སློབ་སྦྱོང་བྱས་མ་མྱོང་མཁན་གྱི་གང་ཟག་ཅིག་ཆགས་བསྡད་ཡོད་དུས་དེ་ཚོའི་ཐོག་ལ་ཐུགས་ཕན་གསོ་ཐུབ་པའི་བཀའ་མོལ་ཞུ་རྒྱུ་ངའི་ངག་ནས་ཐོན་གྱི་མ་རེད། ཡིན་ནའི་གནས་སྟངས་དང་མཐུན་པའི་རིགས་ཁ་ཤས་ཞུས་ན་བསམ་བྱུང་། རྩ་བའི་ང་རང་ཚོའི་གཞི་རྩའི་བསམ་བློ་གཏོང་ས་གཅིག་དེ་ག་རེ་ཆགས་ཀྱི་ཡོད་རེད་ཟེར་ན། ང་ཚོ་བོད་ཀྱི་སྐད་ཡིག་གི་ཐོག་ནས་བརྒྱུད་ལམ་འཚོལ་དགོས་པ་དེ་ཆགས་ཡོད། ང་ཚོའི་བོད་རང་ལ་རིག་གནས་ཆེ་བ་ལྔ་དང་། ཆུང་བ་ལྔ་ཟེར་བ་གང་ལྟར་ནང་དོན་རིག་པས་མཚོན་པའི་སྨན་གཞུང་རེད། དེང་སང་གི་སྤྱི་ཚོགས་ནང་བཀོལ་སྤྱོད་བྱེད་ཐུབ་པ་ཞིག་བོད་ཀྱི་སྐད་ཡིག་རང་གི་ཐོག་ནས་ཡོང་གི་ཡོད། ལྷག་པར་དུ་དུས་རབས་ཉི་ཤུའི་མཇུག་དང་། དུས་རབས་ཉེར་གཅིག་ནང་ཚན་རིག་དང་མཉམ་དུ་འཕྲུལ་ཆས་རིག་པ་དེ་ཤུགས་ཆེན་པོ་དར་ཁྱབ་བྱུང་ཡོད་པར་བརྟེན། དེ་དང་ལྷན་བོད་ཀྱི་སྐད་ཡིག་གི་འདང་གི་རེད་མ་རེད་ཟེར་བའི་དྲི་བ་ཞིག་རང་བཞིན་གྱི་སླེབས་བསྡད་ཡོད། དེང་སང་གི་སློབ་སྦྱོང་བྱེད་རྒྱུའི་སྡེ་ཚན་ཆབ་སྲིད་རིག་པ་དང་། ཚན་རིག དེ་བཞིན་དཔལ་འབྱོར་རིག་པ། ས་ཁམས་རིག་པ། དེང་སང་རིག་གནས་མང་པོའི་ནང་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་ཐུབ་དགོས་རྒྱུར་ང་ཚོས་འབད་བརྩོན་བྱེད་དགོས་པ་གལ་ཆེན་པོ་ཆགས་ཡོད། དེ་དང་འབྲེལ་བའི་ཐོག་ནས་གསར་འགྱུར་གྱི་སྡེ་ཚན་དང་ཚགས་ཤོག་འདོན་མཁན་གྱི་སྡེ་ཚན་ཧ་ཅང་གི་གལ་ཆེན་པོ་ཆགས་འགྲོ་ཡི་ཡོད། དེ་རིང་བོད་ཀྱི་བང་ཆེན་འདོན་སྤེལ་བྱས་ནས་ལོ་ངོ་ ༡༥ འཁོར་བར་འཚམས་འདྲི་དང་བསྔགས་བརྗོད་ཞུ་རྒྱུ་ཡིན།

རྩ་བའི་གསར་འགྱུར་རིག་པའི་གཞུང་ལུགས་ཐོག་ནས་མི་རིགས་དང་ས་མཚམས། ཆབ་སྲིད་དེ་ཚོའི་གྲས་ལ་དབྱེ་བ་དང་སྡེ་ཚན་ཕྱེ་བསྡད་ན་རིག་པའི་གཞུང་ལུགས་དང་མི་མཐུན་པ་ཞིག་ཆགས་ཡོད། ང་ཚོའི་གནས་སྟངས་ལ་དཔག་པའི་གསར་འགྱུར་ལས་རིགས་གཉེར་མཁན་ཚོས་བཙན་བྱོལ་སྤྱི་ཚོགས་ནང་གི་གནས་ཚུལ་མཁོ་སྒྲུབ་བྱེད་རྒྱུ་དང་། གནས་ཚུལ་འགོད་རྒྱུ་དེ་ཡིན། དེ་ལས་གཞན་པའི་ཉེན་ཁ་ཆེ་བ་དམག་གི་འཐབ་རྩོད་ནང་གསར་འགྱུར་འགོད་པར་འགྲོ་མི་དགོས་པ་དང་། དེ་བཞིན་འཇིགས་པ་མང་པོ་ཡོད་སར་ཕེབས་ཏེ་གསར་འགྱུར་འགོད་མི་དགོས། དེ་འདྲའི་ཐོག་ང་ཚོར་ཉེན་ཁ་ཡོད་མ་རེད། གང་ལྟར་ང་རང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་དང་མཐུན་པའི་ཐོག་ནས་གསར་འགྱུར་གྱི་ལས་དོན་དེ་བརྒྱུད་ནས་ཕྱོགས་གཅིག་ནས་སྤྱི་ཚོགས་ནང་གོ་བརྡ་སྤྲོད་ཐུབ་དགོས་པ་དང་། ཕྱོགས་གཉིས་ནས་སྤྱི་ཚོགས་ཀྱི་དོ་སྣང་དང་ཡིད་ཆེས་སླེབས་ཐུབ་དགོས་པ། ཕྱོགས་གཞན་ཞིག་ནས་ཕྱོགས་སུ་མ་ལྷུང་བའམ་འཇིགས་ཞུམ་ཆགས་སྡང་སྤངས་ནས་དངོས་ཡོད་གནས་ཚུལ་གྱི་གསར་འགྱུར་འགོད་དགོས་པ། དེ་ཚོའི་ཐོག་དོ་སྣང་བྱས་ནས་སྤྱི་ཚོགས་ནང་དམིགས་བསལ་གྱི་དགོས་མཁོ་བསྐོང་ཐུབ་དགོས་པ་དེ་གལ་ཆེན་པོ་ཞིག་མཐོང་གི་འདུག

 དེ་འདྲའི་ཐོག་ནས་གསར་འགྱུར་གྱི་ཡོང་ཁུངས་ལ་བསམ་བློ་བཏང་བ་ཡིན་ན། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པ་འཕྲིན་ལས་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག། ལྷག་པར་དུ་བོད་ནང་གི་གནས་སྟངས་དེ་གསར་འགྱུར་ལས་རིགས་དེའི་ཐོག་ནས་ཕྱི་ཕྱོགས་ལ་སྟོན་ཐུབ་དགོས་པ་དང་། དེའི་ཐོག་དོ་སྣང་སླེབས་ཐུབ་ཐབས་བྱས་ནས་གསར་འགྱུར་འགོད་ཐུབ་པ་ཡིན་ན། གསར་འགྱུར་དེ་དག་བརྒྱུད་ནས་བོད་ཀྱི་ཁོར་ཡུག་དང་། དེ་བཞིན་ཆོས་དད་རང་དབང་། འགྲོ་བ་མིའི་ཐོབ་ཐང། སྐད་ཡིག་རང་དབང་སོགས་ཀྱི་ཐོག་རང་བཞིན་གྱི་དོ་སྣང་སླེབས་ཐུབ་ཀྱི་རེད་བསམ་གྱི་འདུག

གསར་འགྱུར་ལྟ་བུར་ཆ་བཞག་ན། སྤྱི་ཚོགས་ནང་གསར་འགྱུར་ཟང་ཟིང་དེ་ཚོར་གསར་འགྱུར་བཀོད་མཁན་དང་ཀློག་མཁན་ཚོས་དོ་སྣང་ཆེ་བ་སླེབས་བསྡད་པ་དང་། དངོས་ཡོད་གནས་ཚུལ་དང་སྤྱི་ཚོགས་ལ་ཁ་ཡོད་ལག་ཡོད་ཕན་པའི་གསར་འགྱུར་རིགས་ལ་སྣང་ཆུང་དང་སྤྱི་ཚོགས་ནང་དོ་སྣང་དེ་ཙམ་མ་བྱེད་དུས། རྩ་བའི་ཁ་ཐུག་ཁ་ཐུག་ལ་གནས་ཚུལ་ག་རེ་ཆགས་ཀྱི་ཡོད་མེད་ཞུ་ཐུབ་རྒྱུ་ཁག་པོ་ཆགས་ཡོད་ཀྱང་། ཕུགས་ལ་ཏན་ཏན་ཉེན་ཁ་ཤུགས་ཆེན་པོ་ཡོད་པ་གསལ་པོ་རེད། མིའི་བསམ་བློའི་ནང་གོ་རྟོགས་སྤེལ་རྒྱུ་ཟེར་བ་དེ་གལ་ཆེན་པོ་ཞེ་དྲག་ཆགས་ཡོད། ང་ཚོའི་སློབ་སྦྱོང་སྡེ་ཚན་རིག་པ་མི་འདྲ་བ་ག་ཚོད་ཡོད་ཀྱང་གཙོ་བོ་བསམ་བློའི་ནང་གོ་རྟོགས་སྤེལ་རྒྱུ་དེ་ཆགས་ཡོད། དེ་བཞིན་སྤྱི་ཚོགས་ནང་གོ་རྟོགས་སྤེལ་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད། གསར་འགྱུར་ལས་རིགས་གཉེར་མཁན་ཚོས་སྤྱི་ཚོགས་ནང་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐོག་ནས་ཁ་ཡོད་ལག་ཡོད་ཐོག་ལ་དོ་སྣང་གནང་བ་ཡིན་ན། མིའི་བསམ་བློའི་གོ་རྟོགས་མཐོ་རུ་སླེབས་ཐུབ་པ་དང་། གོ་རྟོགས་དེ་དག་ཐོག་ནས་རང་བཞིན་གྱི་སྤྱི་ཚོགས་ཀྱི་གནས་ཚད་མཐོ་པོ་ཆགས་ཐུབ་པ། མི་དང་མིའི་འབྲེལ་བ་རང་བཞིན་གྱི་ཡག་པོོ་དང་ཉེ་པོ་ཡོང་བའི་ཁེ་ཕན་ཡོད། བྱས་ཙང་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐོག་ནས་གསར་འགྱུར་འགོད་ཐུབ་དགོས་པ་ཤིན་ཏུ་ནས་གལ་ཆེན་པོ་རེད།

དེ་བཞིན་དེང་སང་སྤྱི་ཚོགས་དྲ་རྒྱ་ཁག་ནང་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་གསར་འགྱུར་རིགས་མང་པོ་ཐོན་གྱི་ཡོད་རེད། དེ་ཚོར་སྤྱི་ཚོགས་ནང་དོ་སྣང་ཆེ་བ་སླེབས་བསྡད་པ་ཞིག་དང་། ཡང་དངོས་ཡོད་གནས་ཚུལ་དང་མཐུན་པའི་གསར་འགྱུར་དང་རླུང་འཕྲིན་ཁག་ལ་དོ་སྣང་ཆུང་བར་བཞག་པའི་གནས་སྟངས་ཤིག་ལ་སླེབས་བསྡད་འདུག དེ་ཚོའི་གྲས་ལ་གསར་འགྱུར་ལས་རིགས་གཉེར་མཁན་ཚོས་ཞིབ་འཇུག་བྱས་ནས་སྤྱི་ཚོགས་ནང་དངོས་ཡོད་གནས་ཚུལ་མ་ཡིན་པ་ཞིག་རང་བཞིན་ཤེས་ཐུབ་པའི་བརྒྱུད་ལམ་ཞིག་བཟོ་དགོས་པ་གལ་ཆེན་པོ་རེད། དངོས་ཡོད་གནས་ཚུལ་དང་མཐུན་པའི་ཁྱབ་བསྒྲགས་གནང་ཐུབ་པ་ཡིན་ན་སྤྱི་ཚོགས་ནང་ཕན་ཐོགས་ཆེ་བ་ཡོད།

དེང་སང་མང་གཙོའི་སྒྲོམ་གཞིའི་ནང་མང་གཙོའི་ཀ་བ་བཞི་པ་གསར་འགྱུར་ལས་རིགས་ཟེར་བ་ལྟར་དམིགས་བསལ་གྱི་ལས་འགན་ཡོད། རྒྱུན་ལྡན་དང་མ་འདྲ་བའི་གསར་འགྱུར་ཞིག་ཐོན་ཡོང་དུས་ལམ་སེང་འཛམ་གླིང་ནང་ཁྱབ་ཐུབ་པ་ཡོང་གི་ཡོད། ལྷག་པར་དུ་བོད་ཀྱི་སྐད་ཡིག་ཐོག་ནས་བཤད་ན། ང་ཚོའི་སྤྱི་ཚོགས་ཆུང་ཆུང་རེད། བོད་ཀྱི་སྐད་ཡིག་ལ་སྣང་ཆུང་བྱས་ནས་བོད་ཡིག་ཐོག་གི་གསར་འགྱུར་ཞེ་དྲག་ཁྱབ་ཀྱི་མ་རེད་ཟེར་ན་ཏན་ཏན་རྩ་བ་ནས་བསྡད་ཀྱི་མ་རེད། དེ་རིང་བོད་ཡིག་གི་གནས་ཚུལ་མ་འདྲ་བ་ཞིག་ཐོན་ཚར་བ་ཡིན་ན། སང་ཉིན་འཛམ་གླིང་སྐད་ཡིག་མང་ཆེ་བའི་ནང་བསྒྱུར་ནས་གསར་འགྱུར་ཁྱབ་ཚར་བ་རེད། བྱས་ཙང་ང་ཚོའི་སྐད་ཡིག་ལ་དོ་སྣང་གནང་མཁན་མང་པོ་དང་། ནུས་པ་ཆེན་པོ་ཡོད་པ་གསལ་པོ་རེད། བོད་ཀྱི་སྐད་ཡིག་ནང་གསར་འགྱུར་ལས་རིགས་གཉེར་མཁན་ཚོས་སྣང་ཆུང་མ་བྱས་པར་ཚད་དང་ལྡན་པའི་ཐོག་ནས་གསར་འགྱུར་སྤེལ་ཐུབ་པ་ཡིན་ན་སྐད་ཡིག་གཞན་ནང་བསྒྱུར་མཁན་ཚོས་ཀྱང་ཚད་དང་ལྡན་པའི་གསར་འགྱུར་ཞིག་གཏོང་ཐུབ་ཀྱི་རེད། བྱས་ཙང་ང་ཚོའི་སྐད་ཡིག་ལ་སྤོབས་པ་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་སྟབས། ཕྱག་ལས་གནང་མཁན་ཚོས་རང་གི་སྐད་ཡིག་གལ་ཆེར་བརྩིས་པའི་ཐོག་ནས་གསར་འགྱུར་ཚད་དང་ལྡན་པ་སྤེལ་ཐུབ་དགོས་པ་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པ་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས། མཐའ་དོན་བོད་ཀྱི་བང་ཆེན་གསར་ཁང་གི་འཛིན་སྐྱོང་འགན་འཛིན་སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་བོད་ཀྱི་བང་ཆེན་གྱི་ཨིན་བོད་དྲ་རྒྱ་དང་། མཉེན་ཆས་ (App) གསར་པ་དབུ་འབྱེད་ཀྱི་མཛད་སྒོ་མཇུག་སྒྲིལ་བ་བཅས་ཀྱི་གནས་ཚུལ་དུ། །

 

Menu