དཔལ་ལྡན་ཚོགས་གཙོ་མཆོག་གིས་སྔ་འགྱུར་མཐོ་སློབ་ཤུག་གསེབ་ཨྱོན་རྫོང་གི་བཙུན་དགོན་སློབ་གཉེར་བའི་ཡིག་རྒྱུགས་གྲུབ་འབྲས་འབུལ་བའི་མཛད་སྒོའི་ཐོག་ཤེས་ཡོན་གལ་ཆེའི་སྐོར་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ པའི་ཚེས་ ༡༠ ཉིན་སྔ་འགྱུར་མཐོ་སློབ་ཤུག་གསེབ་ཨྱོན་རྫོང་གི་བཙུན་དགོན་སློབ་གཉེར་བའི་ཕྱི་ལོ་ ༢༠༡༧ ལོའི་ཡིག་རྒྱུགས་གྲུབ་འབྲས་འབུལ་བའི་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་སློབ་གཉེར་བ་རྣམས་ལ་ལེགས་སོའི་བྱ་དགའ་དང་ཕྱག་ཁྱེར་གནང་གྲུབ་མཚམས། ཤེས་ཡོན་སྐོར་ལ་གསུང་བཤད་གནང་དོན། དེ་རིང་སྔ་འགྱུར་མཐོ་སློབ་ཤུག་གསེབ་ཨྱོན་རྫོང་གི་བཙུན་དགོན་སློབ་གཉེར་བའི་ཡིག་རྒྱུགས་གྲུབ་འབྲས་ཀྱི་མཛད་སྒོར་ཕེབས་པའི་དགེ་རྒན་མཁན་སློབ་རྣམ་པ་དང་། བཙུན་དགོན་གྱི་འཛིན་སྐྱོང་རྒྱུན་ལས་རྣམ་པ། སློབ་གཉེར་བ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ཆབས་ཅིག་དེ་རིང་བཙུན་མ་རྣམས་ནས་ལོ་གཅིག་རིང་སློབ་སྦྱོང་ཐོག་སྐུ་ལས་སྐྱོན་ནས་ཨང་རིམ་ཡག་པོ་རག་སྟེ་བྱ་དགའ་ཐོབ་མཁན་རྣམས་ལ་ལེགས་སོའི་བསྔགས་བརྗོད་དང་། དེ་བཞིན་ཨང་རིམ་ཡག་པོ་མ་ཐོབ་མཁན་གྱི་བཙུན་མ་རྣམས་ཀྱིས་སེམས་མ་ཞུམ་པའི་ཐོག་ནས་འབྱུང་འགྱུར་ཨང་རིམ་ཡག་པོ་ཐོབ་རྒྱུར་འབད་བརྩོན་བྱེད་ཀྱི་ཡིན་བསམ་པའི་དམ་བཅའ་འཇོག་དགོས་རྒྱུ་གལ་ཆེན་པོ་རེེད།

གཙོ་བོ་ང་ཚོ་མི་གཅིག་འགྱུར་ཆགས་བསྡད་ཡོད་པ་དང་། ཕོ་མོའི་རྟེན་ཅན་ཟེར་བ་འདྲ་བའི་ཁྱད་པར་ཙམ་ལས་ཕ་མ་གཉིས་ལ་བརྟེན་ནས་སྐྱེས་པའི་འགྲོ་བ་མིའི་རིགས་གཅིག་འགྱུར་རེད། བྱས་ཙང་བདེ་སྡུག་གི་ཚོར་བ་དང་། བདེ་སྡུག་གི་ཚོར་བ་དང་འབྲེལ་བའི་ཐོག་ནས་སོ་སོའི་རྣམ་དཔྱོད་དེ་ཚོ་ཚང་མ་རང་ཆས་སུ་ཡོད་པ་གཅིག་འགྱུར་ཆགས་བསྡད་ཡོད། རྒྱུད་བླ་མ་དེ་ཚོའི་ནང་རང་བཞིན་གྱི་རིགས་དང་། རྒྱས་འགྱུར་གྱི་རིགས་ཟེར་བ་གསུང་གི་ཡོད་རེད། གང་ལྟར་འགྲོ་བ་སེམས་ཅན་རིགས་ཡིན་ཕྱིན་ཆད་སངས་རྒྱས་རྒྱུའི་རྒྱུ་ཡོད་པ་གཅིག་མཚུངས་རེད། རྒྱུ་དེ་མངོན་པར་གསལ་བའམ་མཐོང་ཐུབ་པར་སོ་སོའི་འབད་བརྩོན་ལ་རག་ལུས་ཀྱི་ཡོད། དཔེར་ན་སློབ་སྦྱོང་གི་བརྒྱུད་རིམ་ཐོག་ནས་བཤད་པ་ཡིན་ན། དབུ་མ་ཡིན་ནའི་འདྲ། ཤེར་ཕྱིན་ཡིན་ནའི་འདྲ། གསང་བསྔགས་ཀྱི་སྐོར་ཡིན་ནའང་གང་ལྟར་དངོས་པའི་གནས་ཚུལ་དང་མཐུན་པ་ཀྱང་ཀྱང་གསུང་ཆགས་ཡོད་པ་མ་གཏོགས་རྟོག་བཟོའི་རང་བཞིན་རྩ་བ་ནས་ཆགས་མེད། དངོས་པའི་གནས་ཚུལ་རྟོགས་ཐུབ་ཐབས་ལ་རིགས་གཅིག་གིས་སློབ་སྦྱོང་བྱས་ནས་གནས་ལུགས་ཀྱི་དོན་གང་ཙམ་རྟོགས་ཐུབ་པ། ཡང་རིགས་གཅིག་གིས་ཚོགས་བསགས་སྒྲིབ་སྦྱང་བྱས་ནས་གནས་ལུགས་རྟོགས་ཐུབ་པ། རིགས་གཅིག་གིས་བླ་མ་དང་སློབ་མའི་འབྲེལ་བ་དམ་ཚིག་རང་གི་ཐོག་ནས་དངོས་པོའི་གནས་ལུགས་རྟོགས་ཐུབ་པ་དེ་འདྲའི་བརྒྱུད་ལམ་མང་པོ་ཡོད། ང་ཚོ་གཙོ་བོ་སློབ་སྦྱོང་གི་སྡེ་ཚན་ནང་འཚར་ལོངས་བྱུང་ཡོང་དུས། སློབ་སྦྱོང་གི་ཐོག་ནས་དངོས་པོའི་གནས་ལུགས་རྟོགས་ཐུབ་པ་དང་། དངོས་པོའི་གནས་ལུགས་ལམ་ལ་འཁྲིད་ཐུབ་རྒྱུའི་རྣམ་དཔྱོད་ཀྱི་ཐབས་ལམ་ཐོག་འགྲོ་དགོས། སྤྱི་ཡོངས་ཀྱི་ཤེས་ཡོན་ཟེར་ན་དེ་འདྲ་ཞིག་ཆགས་ཀྱི་ཡོད།

 དེང་སང་ཤེས་ཡོན་ཟེར་ན་ཚན་རིག་རེད། ས་ཁམས་རིག་པ། དེ་བཞིན་སེམས་ཁམས་རིག་པ། རྩིས་རིག་སོགས་རྣམ་གྲངས་མང་པོ་ཆགས་བསྡད་ཡོད། གང་ལྟར་དེ་ཚོ་ཚང་མ་སྤྱི་ཚོགས་དང་། ཁྱིམ་ཚང་། རང་ཉིད་ཀྱི་མི་ཚེའི་ནང་ཕན་ཐོགས་ཐུབ་པ་ཀྱང་ཀྱང་ཞིག་ཆགས་བསྡད་ཡོད། ཕྱིའི་དངོས་པའི་གནས་ཚུལ་ལ་ཆ་བཞག་ན། ས་ཁམས་རིག་པ་དང་། གནམ་གཤིས་འགྱུར་ལྡོག་དེའི་ཚོའི་ཐོག་ལ་ཕྱི་དངོས་པོའི་གནས་ཚུལ་ལ་སོ་སོའི་རྣམ་དཔྱོད་དང་དེང་སང་ཚན་རིག་གི་འཕྲུལ་ཆས་གྲོགས་ལ་བརྟེན་ནས་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་ཡོད་པ་དང་། འཛམ་གླིང་ནང་དཔལ་འབྱོར་རིག་པའི་ཤེས་ཡོན་ཐོག་ནས་བཟོ་གྲྭ་འདྲ་མིན་འཛུགས་ཏེ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཕྱུག་ཏུ་གཏོང་བཞིན་ཡོད་པ་མ་ཟད། འཛམ་གླིང་སྤྱི་ཡོངས་ནང་ཁྱབ་ཐུབ་པ་ཡོང་གི་ཡོད། མིིའི་དགོས་མཁོ་དང་བསྟུན་ནས་རྣམ་དཔྱོད་བཏོན་ཏེ་དངོས་པའི་རིགས་བཟོ་ཡི་ཡོད་ཀྱང་། རྡུལ་ཕྲན་མཚོན་ཆ་དེ་འདྲ་བཟོས་པའང་ཡོང་གི་ཡོད། དེ་ཚོའི་གྲས་ཤེས་ཡོན་གྱི་སྡེ་ཚན་བྱེ་བྲག་གཅིག་གི་ཐོག་ནས་དེ་བེད་སྤྱོད་བྱེད་སྟངས་ཀྱི་ཀུན་སློང་ཁ་ཁ་ཆགས་ཡོང་དུས་རྣམ་འགྱུར་ཁ་ཁ་ཞིག་ཐོན་གྱི་ཡོད་རེད། བྱས་ཙང་དངོས་པའི་གནས་ཚུལ་ཤེས་རྟོགས་བྱེད་དགོས་པ་དང་། དེའི་ཕན་ནུས་གང་ཆགས་ཀྱི་ཡོད་པ་རྟོག་ཞིབ་བྱེད་དགོས་པའི་གནས་ཚུལ་ཞིག་ཆགས་ཀྱི་ཡོད།

དེ་བཞིན་ང་རང་ཚོའི་སློབ་སྦྱོང་བྱེད་ཡག་དང་། སློབ་སྦྱོང་བྱས་པའི་རྗེས་ལ་ཁེ་ཕན་གྲུབ་འབྲས་གང་ཡོད་པ་སོགས་ཤེས་རྟོགས་ཐུབ་དགོས་པ་དང་། དེ་ཤེས་པའི་ཐོག་ནས་སྤྲོ་བ་སླེབས་ཐུབ་དགོས། གཙོ་བོ་༸གོང་ས་མཆོག་གིས་ནང་པ་སངས་རྒྱས་པའི་ཆོས་དེ་འཛམ་གླིང་གཅེས་ནོར་ལྟ་བུ་རེད་ཅེས་དུས་རྒྱུན་གསུང་གི་ཡོད་པ་བཞིན། འཛམ་གླིང་སྤྱི་ལ་ཕན་ཐོགས་ཐུབ་པའི་ནུས་པ་ཆ་ཚང་ཡོད་པ་ཞིག་དང་། དེང་སང་ཚན་རིག་མཉམ་དུ་བསྡུར་ནས་འགྲོ་ཐུབ་ཀྱི་ཡོད། སྟོན་པ་རང་གིས་གསུང་ནང། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེག་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་ཡོད་པ་ལྟར། སྟོན་པས་གསུངས་བའི་ཆོས་དེ་སྟོན་པས་གསུངས་པ་རེད་ཟེར་ནས་ལམ་སེང་དང་ལེན་བྱེད་པ་ལྟ་བུ་མ་ཡིན་པར། སོ་སོའི་བསམ་པ་དང་མོས་པ་མཐུན་པའི་ཐོག་ནས་ཡོང་གི་འདུག་མི་འདུག དེའི་ཐོག་ཕན་གནོད་ག་རེ་ཆགས་ཀྱི་ཡོད་པ་སོགས་ཞིབ་འཇུག་ཡག་པོ་བྱས་ཏེ་ཐོས་བསམ་སློབ་གཉེར་བྱེད་དགོས་ཀྱི་ཡོད་པ་བཀའ་དེའི་དོན་དག་དེ་འདྲ་ཞིག་རེད། ཐོས་བསམ་སློབ་གཉེར་བྱེད་ཡོང་དུས། སློབ་དཔོན་དབྱེགས་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པ།། སྒོམ་པ་ལ་ནི་རབ་ཏུ་སྦྱོར།། ཞེས་གསུངས་པ་བཞིན། དང་པོ་གཞི་ཚུལ་ཁྲིམས་ཐོག་སོ་སོའི་འདུལ་བའི་ལག་ལེན་ཐོག་ནས་བསྲུང་བྱ་དེ་ཚོ་ཡག་པོ་སྲུང་རྒྱུ་དང་། དེའི་ཐོག་ནས་ཐོས་པ་སློབ་གཉེར་བྱེད་དགོས་པ། དེ་བཞིན་ཐོས་པ་རྣམས་བསམ་ཞིབ་བྱས་ནས་སྒོམ་དགོས་པ། དེ་ནས་བསམ་བློ་འདུལ་བའི་ཐོག་ནས་སོ་སོའི་བློ་འཇོག་ས་ཞིག་གམ་ངེས་པ་རྙེད་པ་བྱེད་ཐུབ་དགོས་པ། དེ་འདྲ་བྱས་ནས་འགྲོ་བ་ཡིན་ན་ཕྱིའི་དངོས་པོ་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་ཀྱིས་བློ་དེ་རྣམ་གཡེང་འགྲོ་མི་ཐུབ་པ་དང་། སོ་སོའི་སེམས་རང་བཞིན་གྱི་ཞི་བདེ་དང་། གཞན་ལ་ལྟོས་མ་དགོས་པའི་བསམ་བློ་ཤུགས་ཆེན་པོ་སླེབས་ཐུབ་པ་ཡོང་གི་ཡོད། དེ་ཚོའི་གྲས་མང་ཆེ་བ་ནང་ཆོས་རང་ནས་སླེབས་ཐུབ་པ་མ་གཏོགས་དེ་མིན་ཕྱིའི་ཤེས་ཡོན་གཞན་ལས་སླེབས་ཐུབ་ཐབས་མེད་པ་ཞིག་རེད། ཆོས་ཟེར་ན་གཙོ་བོ་ནམ་རྒྱུན་སེམས་བཟོ་བཅོས་རྒྱག་ཐབས་ཤིག་ལ་གོ་དགོས། ལེགས་སྦྱར་སྐད་དོད་ལ། (Dharma) ཟེར་བ་དེ་འཛིན་པ་ལ་ཟེར་གྱི་ཡོད། འཛིན་པ་ཟེར་ན་ངན་སོང་ལ་མ་ལྷུང་བ་དང་། ཡར་ཐར་པ་མཐོ་རིས་ལ་འཁྲིད་ཐུབ་པའི་ནུས་པ་ཡོད་པ་ཞིག་ལ་གོ། བྱས་ཙང་མི་ཚེ་དོན་དང་ལྡན་པ་བཟོ་ཐུབ་པའི་ནུས་པ་ཏན་ཏན་ནང་ཆོས་ལ་ཡོད།

དེ་མཚུངས་དེང་སང་འཛམ་གླིང་ནང་གི་ཚན་རིག་པ་དང་། སྙན་གྲགས་ཅན་ཤེས་ཡོན་ཡོད་པའི་མི་སྣ་མང་པོས་ནང་ཆོས་ལ་དོ་སྣང་གནང་གི་ཡོད། དཔེར་ན། (Richard Gere)ཁོང་གིས་དུས་རྒྱུན་༸གོང་ས་མཆོག་གིས་གཙོས་བླ་ཆེན་མང་པོའི་སར་བཅར་ནས་བཀའ་ཆོས་ཞུ་བ་སོགས་ང་ཚོས་མཐོང་རྒྱུ་ཡོད། རྒྱ་གར་ལྟ་བུར་ཆ་མཚོན་ན། (Dr. Ambedkar)ཁོང་ཐོག་མར་ཧིན་དུའི་ཆོས་ལུགས་པ་ཞིག་ཡིན་ཀྱང་ཕྱིས་སུ་ནང་པར་བཞུགས་པ་དང་། ནང་ཆོས་ཀྱི་ཁྱད་པར་རྣམས་མི་མང་པོར་ལམ་སྟོན་གནང་ཡོད། ནང་ཆོས་ནང་རིགས་དང་ཕོ་མོའི་ཁྱད་པར་མེད་པ། ལམ་ཡང་དག་པ་ཡིན་པ་དང་རྒྱུ་མཚན་དང་ལྡན་པ། སོ་སོའི་ངོས་ནས་རྣམ་དཔྱོད་བཏོན་པ་ཡིན་ན་བཏོན་ས་ཡོད་པ་ཞིག་ཆགས་ཡོད། རྒྱ་གར་གྱི་སྲིད་འཛིན་ཟུར་པ། (Dr. Abdul Kalam) ཁོང་ཡང་༸གོང་ས་མཆོག་དང་མཇལ་འཕྲད་གནང་བ་སོགས་ནང་ཆོས་ལ་དམིགས་བསལ་གྱི་དོ་སྣང་ཡོད་པ་ཞིག་ཡིན། བྱས་ཙང་ཁྱེད་ཚོས་ནང་ཆོས་སློབ་སྦྱོང་བྱེད་བཞིན་པ་དེ་ལམ་མ་ནོར་བ་ཞིག་ཏན་ཏན་ཆགས་ཡོད།

དེ་བཞིན་སློབ་སྦྱོང་བྱེད་སྐབས་དཀའ་ངལ་འཕྲད་རྒྱུ་ཡིན་པ་ངེས་པས། དེའི་ཐོག་བཟང་ཕྱོགས་ཀྱི་གདོང་ལེན་བྱེད་དགོས་པ་དང་། སློབ་སྦྱོང་བྱེད་སྐབས་ལེ་ལོ་སྤངས་ཏེ་ཉིན་རེའི་སློབ་ཚན་འཁྲིད་པ་རྣམས་ཉིན་མ་དེ་རང་ལ་ཤེས་ཐབས་གནང་དགོས་པ། དགེ་རྒན་ལ་སློབ་འཁྲིད་སོགས་ཀྱི་ཐད་བརྒྱ་ཆ་ ༢༥ ཙམ་ལས་རང་ཉིད་ཀྱི་ཤེས་ཡོན་ཐད་བརྒྱ་ཆ་ ༧༥ སློབ་ཕྲུག་སོ་སོས་འབད་བརྩོན་གནང་ཕྱོགས་ལ་རག་ལས་ཡོད་པས། སློབ་ཕྲུག་སོ་སོའི་ངོས་ནས་དཀའ་ལས་རྒྱག་དགོས་པ་སོགས་གསུང་བཤད་གནང་ཡོད།

མཛད་སྒོའི་སྐབས་སྔ་འགྱུར་མཐོ་སློབ་ཤུག་གསེབ་ཨྱོན་རྫོང་གི་ཡིག་རྒྱུགས་དོ་དམ་ཚོགས་གཙོ་ཨྱོན་སྒྲོལ་མ་ལགས་ནས་ཡིག་རྒྱུགས་ཀྱི་སྒྲིག་གཞིའི་སྐོར་གསལ་བཤད་གནང་བ་དང་། དེ་བཞིན་དེ་གའི་སློབ་དཔོན་སངས་རྒྱས་བསྟན་འཛིན་ལགས་ཀྱིས་སློབ་སྦྱོང་གི་མཐུན་རྐྱེན་ཚང་དགོས་པ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ། །