དཔལ་ལྡན་ཚོགས་གཙོ་མཆོག་གིས་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཐེངས་དྲུག་པའི་ཐོག་མང་གཙོའི་འཕེལ་རིམ་དང་གྲོས་ཚོགས་ཀྱི་ལས་རིམ་སྐོར་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་རྒྱ་གར་དང་བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཐེངས་དྲུག་པའི་ཐོག་ཚོགས་བཅར་བ་དགེ་སློབ་ ༥༣ ཙམ་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་གྲོས་ཚོགས་ཀྱི་ལས་རིམ་སྐོར་གསུང་བཤད་གནང་ཡོད།

        དེ་ཡང་ཐོག་མར་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས་ཀྱིས་ཟབ་སྦྱོང་ངོ་སྤྲོད་མདོར་བསྡུས་དང་། ཚོགས་གཙོ་མཆོག་གི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་གནང་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་དགེ་སློབ་རྣམས་ལ་འཚམས་འདྲི་དང་སྦྲགས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་གྲོས་ཚོགས་ཀྱི་ལས་རིམ་སྐོར་ལ་གསུང་བཤད་གནང་དོན། མང་གཙོའི་བྱུང་རིམ་དང་། མང་གཙོའི་གོ་དོན་སོགས་ཀྱི་ཐོག་བསམ་བློ་གཏོང་ཐུབ་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག སྤྱིར་བཏང་མང་གཙོ་ཞེས་པའི་ཐ་སྙད་དེ་གྷི་རི་སི་རྒྱལ་ཁབ་ནང་ཕྱི་ལོ་མ་བྱུང་གོང་གི་ལོ་ ༥༠༠ སྔོན་བྱུང་བ་ཞིག་དང་། གྷི་རིག་ཐ་སྙད་ནང་(Demos Kratos) ཞེས་འབོད་ཀྱི་ཡོད་པ་དང་། (Demos) ཟེར་ན་མི་མང་དང་། (Kratos) ཞེས་པ་ནུས་པའམ་དབང་བསྒྱུར་ལ་གོ་དགོས། (Demos Kratos) ཞེས་པ་མི་མང་གི་ནུས་པའི་དབང་བསྒྱུར་ཟེར་བ་ཞིག་ལ་གོ། དེང་སང་ (Democractic system)  ཟེར་གྱི་ཡོད་པ་དང་། བོད་སྐད་ཐོག་མང་གཙོའི་ལམ་ལུགས་ཞེས་ཟེར་གྱི་ཡོད། ང་ཚོས་མང་གཙོའི་ལམ་ལུགས་དེ་ཆབ་སྲིད་ཀྱི་ལྟ་གྲུབ་རིག་པ་ཞིག་ལ་ངོས་འཛིན་བྱེད་དགོས་ཀྱི་ཡོད། དེང་སང་ཨ་རིའི་མང་གཙོའི་འགྲོ་སྟངས་དང་། ཨིན་ཇིའི་མང་གཙོའི་འགྲོ་སྟངས། ཕ་རན་སི་མང་གཙོའི་འགྲོ་སྟངས། དེ་བཞིན་རྒྱ་གར་མང་གཙོའི་འགྲོ་སྟངས་སོགས་མང་གཙོའི་ལམ་ལུགས་ཐོག་ནང་གསེས་མི་འདྲ་བ་ཆགས་ཡོད་ཀྱང་། གང་ལྟར་ཚང་མ་མི་མང་གིས་འོས་བླུག་ནས་འགོ་ཁྲིད་འདེམས་དགོས་པ་གཅིག་འགྱུར་རེད།

          ང་ཚོ་བོད་ལྟ་བུར་ཆ་བཞག་ན། གནའ་སྔ་མོ་བོད་དེ་རྒྱལ་པོའི་ལམ་ལུགས་ཡིན་པ་དང་། བོད་རྒྱལ་གཉའ་ཁྲི་བཙན་པོ་ནས་གླང་དར་མ་བར་དུ་རྒྱལ་པོའི་ལམ་ལུགས་ཐོག་ནས་མི་མང་གི་ཁེ་ཕན་གཞིར་བཞག་གིས་ཆོས། རིག་གཞུང་། སྐད་ཡིག་སོགས་གསར་གཏོད་གནང་ཡོད། དཔེར་ན་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་བོད་ཀྱི་སྐད་ཡིག་གསར་གཏོད་བྱས་པ་ལྟ་བུ། དེའི་སྐབས་ང་ཚོའི་ལུང་པར་ཞང་ཞུང་གི་སྐད་ཡིག་ཅིག་ཡོད་རེད་ཅེས་གསུང་གི་ཡོད། ཞང་ཞུང་སྨར་ཡིག་ཟེར་བ་ཞིག་ཡོད་ཀྱང་དེ་གོ་བརྡ་སྤྲོད་རྒྱུའི་ཆ་ལག་ཚང་བ་མེད་དུས་རྒྱ་གར་ལ་ཐོན་མི་སམ་བྷོ་ཊ་ཆེད་མངགས་བཏང་ནས་སོ་སོའི་མི་རིགས་ལ་དགོས་པའི་སྐད་ཡིག་གསར་དུ་གཏོད་པ་དང་། དེ་ཚོའི་གྲས་གཙོ་བོ་རྒྱལ་པོའི་རྣམ་དཔྱོད་དང་། བློན་པོ་རྣམ་པས་གོ་བསྡུར་གནང་བའི་ཐོག་ནས་བྱུང་བ་ཞིག་རེད།

བོད་རྒྱལ་གླང་དར་མའི་རྗེས་བོད་སིལ་བུར་ཐོར་ནས་ཡུན་རིང་གནས་པ་དང་།  ཕྱིས་སུ་ དུས་རབས་ ༡༣ ནང་འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ཀྱི་ཆབ་སྲིད་དབང་བསྒྱུར་དང་། དེ་ནི་བོད་ཀྱི་ཆབ་སྲིད་ལམ་ལུགས་ནང་བླ་མས་ཆབ་སྲིད་དབང་བསྒྱུར་བ་ཐོག་མ་དེ་ཡིན་ཞེས་བརྗོད་ཀྱི་ཡོད། དེ་རྗེས་ས་སྐྱ་དང་། ཕག་གྲུ། རིན་སྤུངས་པ། སྡེ་པ་གཙང་པ། དགའ་ལྡན་ཕོ་བྲང་བར་དུ་ཆབ་སྲིད་ཀྱི་ལམ་ལུགས་མ་འདྲ་བ་ཞིག་ཆགས་ཡོད།  ཕྱི་ལོ་ ༡༩༤༩ ལོ་ནས་བོད་ལ་རྒྱ་དམར་གྱིས་བཙན་འཛུལ་བྱས་འགོ་འཛུགས་པའི་རྐྱེན་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་ལོ་ ༡༦ ཐོག་བོད་ཀྱི་ཆོས་སྲིད་ཀྱི་ཐུགས་འགན་བཞེས་གནང་ཡོད།  ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་གཞུང་གིས་བཙན་དབང་ཐོག་བོད་དང་རྒྱ་ནག་དབར་གྲོས་མཐུན་དོན་ཚན་ ༡༧ བཞག་དགོས་བྱུང་བ་དང་། ཕྱི་ལོ་ ༡༩༥༤ ལོར་༸གོང་ས་མཆོག་རྒྱ་ནག་ནང་ཆིབས་སྒྱུར་གནང་སྟེ་མའོ་གཙོས་པའི་རྒྱ་རིགས་དམར་ཤོག་གི་འགོ་ཁྲིད་མང་པོ་མཇལ་འཕྲད་གནང་ཡོད། དེ་རྗེས་ ༡༩༥༦ ལོར་སྟོན་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ཏེ་ལོ་ངོ་ ༢༥༠༠ འཁོར་བའི་དུས་དྲན་མཛད་སྒོར་རྒྱ་གར་ལ་སྐུ་མགྲོན་དུ་གདན་ཞུས་ལྟར་ཆིབས་སྒྱུར་གནང་ནས་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་གིས་གཙོས་དཔོན་རིགས་མང་པོ་མཇལ་འཕྲད་གནང་བ་དང་། ལྷག་པར་དུ་རྒྱ་གར་གྱི་གྲོས་ཚོགས་སུ་གཟིགས་ཞིབ་ཕེབས་སྐབས། གྲོས་ཚོགས་འཐུས་མི་གཞན་ཚོས་སྲིད་བློན་ནེ་རུ་མཆོག་ལ་ལས་དོན་དང་འབྲེལ་བའི་ཆེད་མངགས་དྲི་བ་དང་། སྐྱོན་བརྗོད་བྱས་པའི་ལམ་ལུགས་དེ་མཇལ་ཡོང་དུས། ༸གོང་ས་མཆོག་གི་ཐུགས་ནང་མང་གཙོའི་ལམ་ལུགས་དེ་འགྲོ་སྟངས་མི་འདྲ་བ་ཞིག་དང་། མི་མང་གི་འདོད་པ་གང་ཡོད་པའི་རྣམ་འགྱུར་གསལ་པོ་སྟོན་ཐུབ་ཀྱི་ཡོད་པ་གཟིགས་གནང་ཡོད་རེད། དེ་རྗེས་བོད་ལ་ལེགས་བཅོས་ཚོགས་ཆུང་བཙུགས་ནས་མང་གཙོའི་བཅོས་བསྒྱུར་ལ་གོམ་སྟབས་སྤོས་གནང་ཡོད།

ཕྱི་ལོ་ ༡༩༥༩ ལོ་ནས་ང་ཚོ་བཙན་བྱོལ་བ་ཆགས་ཡོད་པ་དང་། ཐོག་མར་ཕྱི་ ༡༩༥༩ ཟླ་ ༤ པའི་ནང་མ་སུ་རི་བཞུགས་སྒར་མཛད་པ་དང། དེ་རྗེས་ཟླ་ ༤ པའི་མཇུག་ཏུ་རྡ་རམ་ས་ལར་གནས་སྤོས་གནང་སྟེ་བཞུགས་སྒར་མཛད་ཡོད། ཕྱི་ལོ་ ༡༩༦༠ ཟླ་ ༢ པའི་ནང་གནས་མཆོག་རྡོ་རྗེ་གདན་དུ་ཆོལ་ཁ་གསུམ་དང་། ཆོས་བརྒྱུད་ཁག་གི་བླ་ཆེན་དབུ་འཁྲིད་དང་། གནད་ཡོད་མི་སྣ་ལྷན་འཛོམས་ཀྱིས་༸གོང་ས་མཆོག་གི་བཀའ་གསུང་ཅི་སྒྲུབ་དང་། བོད་ཆོལ་ཁ་གསུམ་མཐུན་ལམ་གོང་བུ་ཆིག་སྒྲིལ་ཐོག་ནས་ཤར་བསྐྱོད་བྱེད་ཀྱི་ཡིན་ཞེས་མནའ་གན་མཐུ་མོ་ཆེའི་དམ་བཅའ་ཕུལ་གནང་ཡོད།  ༸གོང་ས་མཆོག་གིས་སྔ་འཕྲོས་ཆོས་ལུགས་ཆེན་པོ་བཞི་ནས་འཐུས་མི་རེ་རེ་དང་། ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་འདེམས་ དགོས་པའི་བཀའ་སློབ་བཀའ་དྲིན་ཆེ་སྩལ་གནང་བ་བཞིན་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་སྤྱི་འཐུས་མི་གྲངས་ ༡༣ གྱིས་༸གོང་ས་མཆོག་གི་སྐུ་མདུན་ནས་དམ་འབུལ་ཞུས་པ་དང་། དེ་རྗེས་ལོ་ལྟར་ཕྱི་ཟླ་ ༩ ཚེས་ ༢ ཉིན་མོ་དེ་མང་གཙོ་དབུ་བརྙེས་པའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་གཏན་འབེབས་གནང་ཡོད།  སྤྱི་འཐུས་སྐབས་ ༡ པོ་ནས་སྐབས་ ༨ པ་བར་སྤྱི་འཐུས་ཀྱི་ལས་ཡུན་ལོ་གསུམ་གསུམ་དང་། དེ་ནས་སྤྱི་འཐུས་སྐབས་ ༨ པ་ནས་འགྱུར་བ་ཕྱིན་ཏེ་ལས་ཡུན་ལོ་ལྔ་ལྔའི་དུས་ཚོད་བཟོས་ཡོད། དེ་བཞིན་སྤྱི་འཐུས་ཀྱི་གྲུབ་ཆ་ལའང་འགྱུར་བ་ཕྱིན་ཡོད། ད་ལྟའི་ཆར་སྤྱི་འཐུས་ཀྱི་གྲུབ་ཆ་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ནས་སྤྱི་འཐུས་ ༢ རེ་དང་། ཆོལ་ཁ་གསུམ་ནས་སྤྱི་འཐུས་ ༡༠ རེ། ཡུ་རོབ་དང་ཨ་ཕི་རི་ཀའི་ཁུལ་ནས་སྤྱི་འཐུས་ ༢ རེ། ལྷོ་བྱང་ཨ་རི་ནས་སྤྱི་འཐུས་ ༢ རེ། ཨོ་སེ་ཀྲེ་ལེ་ཤེ་ཡ་ནས་སྤྱི་འཐུས་ ༡ བཅས་སྤྱི་འཐུས་ཁྱོན་ ༤༥ ཡོད།

ཕྱི་ལོ་ ༡༩༩༡ ལོར་བཅའ་ཁྲིམས་གཏན་འབེབས་གནང་བའི་རྗེས། ཁྲིམས་ཀྱི་དབང་བསྒྱུར་གྱི་ནུས་པ་ཤུགས་ཆེ་རུ་ཕྱིན་ནས། སྤྱི་འཐུས་ལྷན་ཚོགས་དེ་དེང་སང་རང་དབང་ཡོད་པའི་རྒྱལ་ཁབ་ཀྱི་མང་གཙོའི་འགྲོ་སྟངས་བཞིན་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོ་བོར་ཆགས་བསྡད་ཡོད། འཛིན་སྐྱོང་བཀའ་ཤག་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་བཅས་མང་གཙོའི་ཀ་བ་གསུམ་ཆ་ཚང་བ་ཞིག་ཆགས་ཡོད། དེའི་འོག་རང་དབང་ཅན་གྱི་སྡེ་ཚན་གསུམ་རྩིས་ཞིབ་ལས་ཁང་དང་། འོས་བསྡུ་ལྷན་ཁང་། ལས་བྱེད་འདེམས་བསྐོ་ལྷན་ཁང་བཅས་ཚད་དང་ལྡན་པའི་མང་གཙོའི་ལམ་ལུགས་ཤིག་ཆགས་ཡོད། དེ་རྗེས་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་འདེམས་བྱེད་རྒྱུའི་སྲོལ་གཏོད་པ་དང་། ༸གོང་ས་མཆོག་ནས་ཕྱེད་བགྲེས་ཡོལ་ཡིན་པའི་བཀའ་ཕེབས་གནང་ཡོད། ཕྱི་ལོ་ ༢༠༡༡ ལོར་༸གོང་ས་མཆོག་ནས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་ནས་བདམས་ཐོན་བྱུང་བའི་དབུ་ཁྲིད་ལ་རྩིས་སྤྲོད་གནང་སྟེ་སྐབས་ ༡༤ པའི་གྲོས་ཚོགས་ཚོགས་དུས་འཕར་མའི་སྐབས་བཅའ་ཁྲིམས་ལ་བསྐྱར་བཅོས་གཏན་འབེབས་གནང་ཡོད།

སྤྱི་ཡོངས་ཀྱི་དུས་ཚོད་ཐོག་ནས་བལྟས་པ་ཡིན་ན་ཕྱི་ལོ་ ༡༩༥༠ ནས་ ༡༩༦༠ བར་གཙོ་བོ་སྤྱི་ནོར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་སྲིད་ཀྱི་ཐུགས་འགན་བཞེས་པའི་སྐབས་བོད་ནང་འགྱུར་བ་གང་བྱུང་བ་དང་བཙན་བྱོལ་ནང་མང་གཙོ་ཇི་ལྟར་གསར་གཏོད་གནང་བ།  ཕྱི་ལོ ༡༩༦༠ ནས་ ༡༩༩༡ བར་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་གཅིག་པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་བས་མཚོན་འགྱུར་བ་གང་བྱུང་བ། དེ་བཞིན་ཕྱི་ལོ་ ༡༩༩༡ ནས་ ༢༠༠༡ བར་འགྱུར་བ་གང་ཕྱིན་པ། ལྷག་པར་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་འདེམས་བྱེད་དགོས་པ་ལྟ་བུ།  ཕྱི་ལོ་ ༢༠༡༡ ནས་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་འདེམས་བྱེད་དགོས་པ་གང་ཞིག་ཆབ་སྲིད་དང་འཛིན་སྐྱོང་གི་ཐུགས་འགན་གཙོ་བོ་མི་མང་ནས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་གསོལ་སྩལ་རྩིས་སྤྲོད་གནང་བའི་འགྱུར་བ་དང་། མང་གཙོའི་འཕེལ་རིམ་ཐོག་བསྐྱོད་ཚུལ།

གྲོས་ཚོགས་ཀྱི་ལས་རིམ་འགྲོ་སྟངས་ཐོག་རྩ་བའི་སྤྱི་འཐུས་ཀྱི་གྲུབ་ཆ་ ༤༥ ཡོད་པ་ཆབ་སྲིད་ཚོགས་པ་མེད་པ་དང་། འཐུས་མིའི་ཡོང་ཁུངས་ནི་ཆོལ་ཁ་དང་ཆོས་བརྒྱུད་ནས་ཡོང་གི་ཡོད། དེ་རྗེས་བཅའ་ཁྲིམས་ཀྱི་དགོངས་དོན་དམ་བཅའ་ཕུལ་བ་བཞིན་རང་དོན་ཕྱོགས་ལྷུང་དང་། འཇིགས་ཞུམ་ཆགས་སྡང་མེད་པའི་ཐོག་ནས་ལས་དོན་སྒྲུབ་ཀྱི་ཡིན། ཟེར་ནས་དམ་བཅའ་ཕུལ་རྗེས་སྤྱི་མི་ཞིག་ལ་ངོས་འཛིན་གནང་གི་ཡོད། ང་ཚོར་ཆབ་སྲིད་ཚོགས་པ་མེད་དུས་ལས་འགན་གཉིས་ཡོད། རྒྱལ་ཁབ་རང་བཙན་ཡོད་པ་ནང་བཞིན་གཞུང་འཛིན་ཚོགས་པ་དང་། ཕྱོགས་འགལ་ཚོགས་པ་ཟེར་བ་དེ་འདྲ་མེད་དུས་ང་ཚོའི་གྲོས་ཚོགས་ནས་འཛིན་སྐྱོང་བཀའ་ཤག་གི་ལས་དོན་ལ་རྒྱབ་སྐྱོར་གནང་དགོས་པ་དེ་འདྲ་ཡོང་གི་ཡོད་རེད་ལ། སྐབས་རེ་འཛིན་སྐྱོང་གི་ལས་དོན་ལ་ཞིབ་འཇུག་དང་སྟངས་འཛིན་བྱེད་དགོས་པ་དེ་འདྲ་ཡང་བྱེད་དགོས་ཀྱི་ཡོད། གང་ལྟར་གཞུང་འཛིན་ཚོགས་པ་དང་། ཕྱོགས་འགལ་ཚོགས་པ་གཉིས་ཀའི་ངོ་བོ་འཛིན་དགོས་ཀྱི་ཡོད།   ཆབ་སྲིད་ཚོགས་པ་ཡོད་པ་ཡིན་ན། གཞུང་འཛིན་ཚོགས་པའི་འགོ་ཁྲིད་ཀྱིས་གང་ཐག་བཅད་པ་དེའི་ཐོག་འཐུས་མི་སོ་སོའི་འདོད་པ་ཡོད་མེད་ལ་མ་ལྟོས་པར་འགྲོ་དགོས་པ་ཞིག་ཆགས་ཡོད་པ་དང་། ང་ཚོའི་གྲོས་ཚོགས་ནང་དེ་ལྟར་མིན་པ་དང་། འཛིན་སྐྱོང་བཀའ་ཤག་གི་ཐག་གཅོད་ལ་འཐུས་མི་སོ་སོས་དྲི་བ་བསྐུལ་ཆོག་པ་དང་། དགག་བྱ་བྱེད་ཆོག་པ་བཅས་དམིགས་བསལ་གྱི་ཁྱད་ཆོས་ཡོད།

དེ་བཞིན་ལོ་གཅིག་ལ་གྲོས་ཚོགས་ཐེངས་གཉིས་ཚོགས་ཀྱི་ཡོད་པ་དང་། གྲོས་ཚོགས་དང་པོ་དེ་ཕྱི་ཟླ་ ༣ པའི་ནང་སྔོན་རྩིས་གྲོས་ཚོགས་ཞེས་ཟེར་གྱི་ཡོད་པ་དང་། དེའི་སྐབས་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ས་གནས་ཁག་གི་འགྲོ་སོང་གཏོང་འཆར་བཀའ་འཁྲོལ་སྤྲོད་ཀྱི་ཡོད། ཉེ་ཆར་སྔོན་རྩིས་གྲོས་ཚོགས་ཚོགས་ཚར་ཙམ་རེད། དེའི་སྐབས་ཧིན་སྒོར་ས་ཡ་ཉིས་སྟོང་དྲུག་བརྒྱ་ལྷག་ཙམ་བཀའ་འཁྲོལ་གནང་ཡོད། འགྲོ་སོང་གཏོང་ས་གཙོ་བོ་ཤེས་ཡོན་ཐོག་ཆགས་ཀྱི་ཡོད་པ་དང་། དེ་བཞིན་ལྷན་ཁང་ཁག་དང་། ཁྱབ་ཁོངས་ཁག་སོ་སོར་གཏོང་དགོས་ཀྱི་ཡོད། དེ་རྣམས་ཀྱི་ཡོང་ཁུངས་གཙོ་བོ་ཞིག་དང་བླངས་དཔྱ་དངུལ་ནས་ཕུལ་གྱི་ཡོད་ པ་དང་། བརྒྱ་ཆ་མང་བ་དེ་རོགས་དངུལ་ལ་བརྟེན་གྱི་ཡོད་རེད། གྲོས་ཚོགས་གཞན་དེ་ཕྱི་ཟླ་ ༩ པའི་ནང་ཚོགས་ཀྱི་ཡོད་པ་དང་། དེའི་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དེ་སྔོན་སྔོན་རྩིས་ཕུལ་བའི་ཐོག་ནས་ལས་ཀ་གང་འདྲ་གནང་ཡོད་པ་དེའི་ཐོག་ལས་བསྡོམས་གྲོས་ཚོགས་ནང་བསྣམས་ཏེ་བགྲོ་གླེང་གནང་གི་ཡོད། དེ་བཞིན་ཁྲིམས་གསར་པ་བཟོ་རྒྱུ་དང་བཟོས་ཟིན་པ་རྣམས་ལ་བསྐྱར་བཅོས་གཏན་འབེབས་གནང་ལུགས། ཐུགས་སྣང་གཞེན་སྐུལ། གྲོས་ཆོད་གྲོས་འཆར་གྱི་ལས་རིམ་སོགས་ཀྱི་ཐོག་གསུང་བཤད་གཟབ་རྒྱས་གནང་རྗེས། སློབ་ཕྲུག་རྣམ་པའི་དྲི་བ་ཁག་ལ་དཔལ་ལྡན་ཚོགས་གཙོ་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ། །