དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་རིགས་སློབ་ཕྲུག་གི་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཐོག་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༡༢ ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྡ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ནང་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཐོག་འཛུལ་ཞུགས་གནང་མཁན་རྒྱ་བལ་གཉིས་ཀྱི་སློབ་གྲྭ་ཁག་ ༢༧ ཡི་སྣེ་ཁྲིད་དགེ་རྒན་ ༢༧ དང་འཛིན་རིམ་བཅུ་པའི་སློབ་ཕྲུག་ ༢༦༣ ཙམ་ལ་བཙན་བྱོལ་བོད་མིའི་མང་གཙོའི་འབྱུང་ཁུངས་དང་འཕེལ་རིམ་སོགས་ཀྱི་ཐོག་གསུང་བཤད་གནང་དོན། མང་གཙོ་ཟེར་ན་མཁྱེན་གསལ་ལྟར། སྤྱི་ཚོགས་ནང་ཕྱུག་པོ་དང་དབུལ་པོ། བཙན་པོ་དང་ཉམ་ཆུང་། དེ་བཞིན་རིགས་མཐོ་བ་དང་རིགས་དམའ་བ་སོགས་ཀྱི་དབྱེ་འབྱེད་མེད་པར་གང་ལྟར་མང་ཚོགས་ཀྱི་བསམ་བློ་གཞིར་བཟུང་ཐོག་གཅིག་འགྱུར་གྱི་སྤྱི་ཚོགས་སྐྱོང་ཐབས་ཞིག་ལ་གོ་དགོས།

བཙན་བྱོལ་གྱི་མང་གཙོའི་གནས་སྟངས་མ་བཤད་སྔོན་ལ་བོད་ཀྱི་ལོ་རྒྱུས་ཐོག་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད། མང་གཙོ་ཟེར་ན་གཙོ་བོ་རྒྱལ་ཁབ་སྐྱོང་ཐབས་སམ་གཞུང་འཛིན་སྟངས་ཀྱི་ལྟ་གྲུབ་ཞིག་ཡིན། དེང་སང་བོད་ནང་གནའ་རྫས་རྙིང་པར་ཞིབ་འཇུག་བྱེད་མཁན་ཚོས་གསུངས་པ་ལྟར་ན། བོད་མི་རིགས་དེ་ལོ་ངོ་ཁྲི་ཕྲག་མང་པོའི་སྔོན་ནས་བྱུང་བའི་མི་རིགས་ཤིག་ཡིན་སྐོར་བཤད་ཀྱི་ཡོད། ཡོངས་གྲགས་སུ་ཕྱི་ལོའི་སྔོན་གྱི་བརྒྱ་ཕྲག་གཉིས་པའི་ནང་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་བྱུང་བ་ནས་རྒྱལ་པོ་འུ་དུམ་བཙན་པོ་བར་དུ་ལོ་གཅིག་སྟོང་བརྒལ་བའི་རིང་བོད་ས་ཁྱོན་ཡོངས་སུ་ཆབ་སྲིད་ཀྱི་འཛིན་སྐྱོང་ཡིན་ནའང་འདྲ། དེ་བཞིན་ཆོས་དང་། སྐད་ཡིག རིག་གཞུང་སོགས་ཀྱི་འཛིན་སྐྱོང་ཨེ་ཤེ་ཡའི་གླིང་ཕྲན་ནང་འབུར་དུ་འདོན་ཐུབ་པ་མ་ཟད། རྒྱ་གར། བོད། རྒྱ་ནག སོག་པོ་ཟེར་བ་ལྟ་བུ་སྟོབས་ཆེན་གྱི་རྒྱལ་ཁབ་གྲས་སུ་ཚུད་ཀྱི་ཡོད།  འོན་ཀྱང་ཕྱི་ལོ་བརྒྱ་ཕྲག་ ༩ པའི་མཇུག་ལ་བོད་སིལ་བུར་འཐོར་ཏེ་གཅིག་འགྱུར་གྱི་རྒྱལ་པོ་བྱུང་མེད་པ་དང་། ལུང་པ་རེ་ལ་དཔོན་པོ་རེ་བྱས་ནས་བསྡད་པ་རེད། དེའི་རྗེས་སུ་ཕྱི་ལོ་ ༡༢༦༠ ནང་སོག་པོ་དང་མཆོད་ཡོན་གྱི་འབྲེལ་བའི་ཐོག་ནས་ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པར་བོད་ཆོལ་ཁ་གསུམ་དབང་ཡོན་དུ་ཕུལ་ནས་ཆབ་སྲིད་བསྐྱངས་གནང་བ་དང་། དེ་ནས་ཕག་གྲུ་དང་། རིན་སྤུངས་པ། སྡེ་པ་གཙང་པ་བཅས་ཀྱིས་ལོ་སུམ་བརྒྱ་ལྷག་ཙམ་བོད་ཀྱི་ཆབ་སྲིད་བསྐྱངས་གནང་ཡོད། ཕྱི་ལོ་ ༡༦༤༢  ལོར་༸གོང་ས་ལྔ་པ་ཆེན་པོ་མཆོག་གིས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་རྗེས་དགའ་ལྡན་ཕོ་བྲང་གི་གཞུང་དབུ་བརྙེས་ནས་ད་བར་ལོ་ངོ་ ༤༠༠ ལྷག་ཙམ་རིང་༸གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་བར་བོད་ཀྱི་བསྟན་པ་ཆབ་སྲིད་དང་འགྲོ་བ་སྤྱི་ལ་རེ་བ་བཅོལ་ས་ཞིག་ཆགས་ཡོད།

ཕྱི་ལོ་ ༡༩༤༩ ལོ་ནས་རྒྱ་མིས་བོད་ནང་བཙན་འཛུལ་བྱེད་འགོ་བཙུགས་རྐྱེན་ ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༥༠ ལོར་དགུང་ལོ་ ༡༦ ཐོག་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་གནང་བ་དང་། ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་གཞུང་ནས་གནོན་ཤུགས་འོག་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་དགོས་བྱུང་བ། ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་གནང་བ་དང་། དེ་ནས་བོད་མི་ཁྲི་ཚོ་བརྒྱད་ལྷག་ཙམ་རྒྱ་གར་དུ་བཙན་བྱོལ་དུ་སླེབས་ཡོད།

བཙན་བྱོལ་བོད་མིའི་མང་གཙོའི་བྱུང་རིམ་ནི་ལོ་ཚིགས་ཐོག་ནས་དབྱེ་བ་ཡིན་ན་གསལ་པོ་ཆགས་ཀྱི་རེད། ཕྱི་ལོ་ ༡༩༥༠ ནས་ ༡༩༥༩ བར་དང་། ཕྱི་ལོ་ ༡༩༦༠ ནས་ ༡༩༩༡ བར། ཕྱི་ལོ་ ༢༠༠༡ ནས་ ༢༠༡༡ བར་བཅས་གསུམ་གྱི་ནང་འགྱུར་བ་ཤུགས་ཆེན་པོ་ཕྱིན་ཡོད། ཕྱི་ལོ་ ༡༩༥༠ ནས་ ༡༩༥༩ བར་མང་གཙོའི་ལམ་ལུགས་གང་འདྲ་ཡོང་གི་ཡོད་རེད། བོད་ནང་རྒྱ་ནག་སླེབས་བསྡད་ཡོད་རེད། བོད་ནང་སྔོན་མའི་སྲིད་སྐྱོང་སྟངས་ཀྱི་ལམ་ལུགས་གནས་ཡོད་མ་རེད་དམ་ཞེས་དྲི་བ་དྲིས་ན། ༸གོང་ས་མཆོག་གིས་གནའ་སྔ་མོའི་ལམ་ལུགས་དེ་འགྱུར་བ་གཏོང་དགོས་ཀྱི་འདུག་གསུངས་ནས་ལེགས་བཅོས་ཚོགས་ཆུང་འཛུགས་གནང་བ་དང་། ༡༩༥༤ ལོར་རྒྱ་ནག་ལ་ཆིབས་བསྒྱུར་གནང་སྟེ་མའོ་ཙེ་ཏུང་གིས་གཙོས་རྒྱ་ནག་གི་འགོ་ཁྲིད་གཞན་མང་པོ་མཇལ་འཕྲད་གནང་བ་དང་། དེ་ནས་ཕྱི་ལོ་ ༡༩༥༦ ལོར་སྟོན་པ་མྱ་ངན་ལས་འདས་ཏེ་ལོ་ངོ་ ༢༥༠༠ འཁོར་བའི་དུས་དྲན་མཛད་སྒོར་ཕེབས་གནང་བ་དང་། ༸པཎ་ཆེན་རིན་པོ་ཆེ་མཆོག་ཀྱང་ཕེབས་གནང་ཡོད། དེའི་སྐབས་རྒྱ་གར་གྱི་སྲིད་བློན་ཐོག་མ་ནེ་རུ་མཆོག་གིས་གཙོས་རྒྱ་གར་གྱི་འགོ་ཁྲིད་ཁག་དང་མཇལ་འཕྲད་གནང་བ་དང་། དེ་བཞིན་རྒྱ་གར་གྱི་གྲོས་ཚོགས་ནང་ཕེབས་པ་སོགས་གནང་ཡོད། རྒྱ་གར་གྲོས་ཚོགས་ནང་གི་བགྲོ་གླེང་གནང་སྟངས་དང་། མང་གཙོ་ཟེར་དུས་གཅིག་གི་འོག་གཅིག་གིས་སྒུར་མི་དགོས་པར་འདྲ་མཉམ་ཐོག་ནས་གོ་བསྡུར་བྱེད་ཐུབ་པ། དྲི་བ་གཏོང་ཐུབ་པ་སོགས་མང་གཙོའི་ལམ་ལུགས་དེར་དམིགས་བསལ་ཁྱད་ཆོས་ལྡན་པ་ཞིག་གཟིགས་གནང་བ་རེད། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་ལ་ཕེབས་གནང་རྗེས། ཐོག་མར་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་མ་སུ་རིར་བཞུགས་སྒར་མཛད་དེ་ཆོས་དོན་ལས་ཁུངས་དང་། ཕྱི་སྲིད་ལས་ཁུངས། ནང་སྲིད་ལས་ཁུངས། དཔལ་འབྱོར་འདུ་འགོད་ལས་ཁུངས་བཞི་དང་། རྒྱ་གར་མཉམ་དུ་འབྲེལ་བ་བྱེད་ཆེད་ལྡི་ལི་དོན་གཅོད་ལས་ཁུངས་གསར་འཛུགས་གནང་ཡོད། ཕྱི་ལོ་ ༡༩༦༠ ཟླ་ ༥ པའི་ནང་རྡ་སར་བཞུགས་སྒར་གནས་སྤོས་གནང་ཡོད།

ཐོག་མར་གཞུང་ཞབས་རྣམ་པ་དང་། གནད་ཡོད་མི་སྣ་རྣམས་ནས་གོ་བསྡུར་རིམ་པ་མང་པོ་གནང་མཐར། ཕྱི་ལོ་ ༡༩༦༠ ཟླ་ ༢ པའི་ནང་གནས་མཆོག་རྡོ་རྗེ་གདན་དུ་ ༸གོང་ས་མཆོག་ལ་བརྟན་ཞུགས་ཕུལ་ཏེ་བོད་མི་ཚང་མས་ ༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ཤར་བསྐྱོད་བྱེད་ཀྱི་ཡིན་ཞེས་ཟེར་ནས་གནའ་གན་མཐུ་མོ་ཆེ་བཞག་ཡོད། དེ་ནས་ ༸གོང་ས་མཆོག་གིས་བཀའ་སློབ་ཕེབས་སྐབས་ད་ནས་བཟུང་ང་ཚོའི་གཞུང་དེ་ཆོས་སྲིད་གཉིས་ཀྱི་མང་གཙོའི་གཞུང་གི་ཐོག་འགྲོ་དགོས་པས། ཆོས་ལུགས་ཆེན་པོ་བཞི་ནས་འཐུས་མི་རེ་རེ་དང་། ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེའི་འོས་བསྡུ་བྱས་ནས་འདེམས་དགོས་ཞེས་གསུངས། ལོ་འདིའི་ཕྱི་ཟླ་ ༩ པའི་ཚེས་ ༢ ནང་བོད་མི་མང་སྤྱི་འཐུས་སྐབས་དང་པོས་དམ་འབུལ་ཞུས་གནང་བ་དང་། བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་པ་རེད།

ཕྱི་ལོ་ ༡༩༦༠ ནས་ ༡༩༩༡ བར་དུ་སྤྱི་འཐུས་ཀྱི་འཐུས་མིའི་གྲུབ་ཆར་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་དང་། ཐོག་མར་འཐུས་མི་ ༡༣ དང་། དེའི་རྗེས་ཆོལ་ཁ་རེ་ནས་བུད་མེད་སྤྱི་འཐུས་རེ་གསར་སྣོན་གནང་རྗེས་ ༡༦ དང་།  ༸གོང་ས་མཆོག་ནས་ཐད་བསྐོས་གཅིག་བཅས་འཐུས་མི་ ༡༧ དང་། དེའི་རྗེས་སྤྱི་འཐུས་སྐབས་དྲུག་པའི་སྐབས་བོན་པོའི་སྤྱི་འཐུས་གསར་སྣོན་གནང་བ་སོགས་དང་། རིམ་བཞིན་ད་ལྟའི་ཆར་སྤྱི་འཐུས་ཀྱི་གྲུབ་ཆ་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ནས་སྤྱི་འཐུས་ ༢ རེ་དང་། ཆོལ་ཁ་གསུམ་ནས་སྤྱི་འཐུས་ ༡༠ རེ། ཡུ་རོབ་དང་ཨ་ཕི་རི་ཀའི་ཁུལ་ནས་སྤྱི་འཐུས་ ༢ རེ་དང་། ལྷོ་བྱང་ཨ་རི་ནས་སྤྱི་འཐུས་ ༢ རེ་དང་། ཨོ་སེ་ཀྲེ་ལེ་ཤེ་ཡ་ནས་སྤྱི་འཐུས་ ༡ བཅས་སྤྱི་འཐུས་ཁྱོན་ ༤༥ ཡོད། ཐོག་མར་སྤྱི་འཐུས་རྣམས་ལོ་གསུམ་རེའི་རྗེས་འོས་བསྡུའི་རྗེས་སླེབས་ཀྱི་ཡོད་པ་དང་། དེ་ནས་སྤྱི་འཐུས་སྐབས་བརྒྱད་པའི་སྐབས་ནས་ད་བར་སྤྱི་འཐུས་རྣམས་ལོ་ལྔ་རེའི་རྗེས་འོས་བསྡུ་གནང་གི་ཡོད། ཕྱི་ལོ་ ༡༩༩༡ ལོར་སྤྱི་འཐུས་སྐབས་ ༡༡ པའི་སྐབས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེེབས་གནང་རྗེས་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོ་བོར་བསྒྱུར་བ་སོགས་མང་གཙོའི་ཀ་བ་གསུམ་ཟེར་བ་འཛིན་སྐྱོང་བཀའ་ཤག་དང་། སྤྱི་འཐུས་ལྷན་ཚོགས། ཆེས་མཐོའི་ཁྲིམས་ཞིབ་ཁང་བཅས་བྱུང་ཡོད་པ་དང་།  རང་དབང་ཅན་གྱི་སྡེ་ཚན་གསུམ་གཞུང་ཞབས་འདེམས་བསྐོ་ལྷན་ཁང་དང་། རྩིས་ཞིབ་ལྷན་ཁང་། འོས་བསྡུའི་ལྷན་ཁང་གསར་འཛུགས་གནང་བ་སོགས་དེང་དུས་ཀྱི་མང་གཙོའི་རྒྱལ་ཁབ་གཞན་དང་གཅིག་མཚུངས་ཤིག་ཆགས་ཡོད།

ཕྱི་ལོ་ ༢༠༠༡ ནས་ ༢༠༡༡ བར་འགྱུར་བ་ཆེན་པོ་ཕྱིན་ཡོད། ཐོག་མར་ ༢༠༠༡ ལོ་ནས་འཛིན་སྐྱོང་གི་འགན་ཁུར་མཁན་མང་ཚོགས་ནས་ཐད་ཀར་འདེམས་དགོས་པ་ཞིག་ཆགས་ཀྱི་ཡོད་པ་དང། སྐབས་དེ་དུས་བཀའ་བློན་ཁྲི་པ་ཟེར་གྱི་ཡོད་པ་དང་། དེ་ནས་ ༢༠༡༡ ལོར་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་བ་སོགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་གནང་ཡོད། འོན་ཀྱང་༸གོང་ས་མཆོག་ནས་བོད་ཀྱི་ཆབ་སྲིད་མི་མང་ནས་བདམས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་བ་དེས་བོད་ཀྱི་བདེན་དོན་འཐབ་རྩོད་ལ་རེ་བ་མེད་པ་ལྟ་བུ་དང་། བོད་ཀྱི་འཐབ་རྩོད་བློས་བཏང་བ་ལྟ་བུ་རྩ་བ་ནས་མིན་པ་དང་། བཙན་བྱོལ་བོད་མིའི་འཛིན་སྐྱོང་དེ་གང་ཟག་གཅིག་ལ་ལྟོས་ནས་བསྡད་དགོས་པ་མིན་པར་མང་ཚོགས་ཀྱི་འོས་འདེམས་བྱེད་དགོས་པ་ལྟ་བུ་དེང་སང་གི་འགྲོ་སྟངས་དང་མཐུན་པ་ཞིག་ལ་གཟིགས་པ་རེད། བཙན་བྱོལ་བོད་མིའི་འཕེལ་རིམ་གྱི་ངོ་སྤྲོད་དེ་ཙམ་ཞུས་ན་བསམ་བྱུང། ཞེས་གསུངས་རྗེས་ཟབ་སྦྱོང་ཐོག་ཕེབས་པའི་སློབ་ཕྲུག་རྣམས་ནས་དོ་སྣང་ཆེན་པོའི་ངང་གཅིག་རྗེས་གཉིས་མཐུད་ཀྱིས་དྲི་བ་བཏང་བར་དཔལ་ལྡན་ཚོགས་གཙོ་མཆོག་ནས་ལན་འདེབས་གསལ་བཤད་མཐིལ་ཕྱིན་གནང་བ་བཅས་ཀྱི་གནས་ཚུལ་དུ། །

Menu