དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཟུར་ཉན་དུ་ཆེད་བཅར་དང་། གྲོས་ཚོགས་ཀྱི་ཚོགས་གཙོ་དང་། བློན་ཆེན། ཕྱོགས་འགལ་ཚོགས་པའི་དབུ་ཁྲིད། གྲོས་ཚོགས་ཀྱི་འཐུས་མི་བཅས་དང་ལྷན་འཚམས་འདྲིའི་མཇལ་འཕྲད་གནང་བ།

༄༅། །བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་ཊ་པུ་ཝན་དུ་ཧི་མཱ་ཅལ་མངའ་སྡེའི་དགུན་ཁའི་གྲོས་ཚོགས་འཚོགས་བཞིན་པ་དང་བསྟུན། ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༢༠ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་མཆོག་བཅས་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་སུ་ཆེད་ཕེབས་ཀྱིས་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། བློན་ཆེན། གཞུང་འཛིན་དང་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་དང་ལྷན་མཇལ་འཕྲད་དང་། དེ་བཞིན་གྲོས་ཚོགས་ཀྱི་ཟུར་ཉན་དུ་ཆེད་ཕེབས་གནང་ཡོད་པ་རེད།

དེ་ཡང་ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོས་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཚོགས་སྐབས་གནད་ཡོད་སྐུ་མགྲོན་བཞུགས་སའི་ཟུར་ཉན་དུ་གདན་ཞུས་ལྟར་ཆེད་བཅར་ཞུས་པ་དང་། སྐབས་དེར་མངའ་སྡེའི་གྲོས་ཚོགས་ནས་དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པར་གཞུང་འབྲེལ་གྱི་དགའ་བསུའི་འཚམས་འདྲི་ཞུས་གནང་སོང་།

དེ་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པས། ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཀུལ་དེབ་ སིངྒ་ པ་ཐ་ནཡེ་ (Shri Kuldeep Singh Pathania, Speaker of Himachal Pradesh Legislative Assembly) མཆོག་དང་། ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཇེ་རཱམ་ ཋཱ་ཀུར་ (Shri Jai Ram Thakur, Leader of Opposition of Himachal Pradesh) མཆོག ཧི་མཱ་ཅལ་མངའ་སྡེའི་གཞུང་ལམ་དང་། འཛུགས་སྐྲུན་བློན་ཆེན་སྐུ་ཞབས་ཝིཀ་ར་མ་དྷི་ཡ་ སིངྒ་ (Shri Vikramaditya Singh, Minister for Public Works of Himachal Pradesh) མཆོག ཧི་མཱ་ཅལ་མངའ་སྡེའི་གྲོང་སྡེ་ཡར་རྒྱས་བློན་ཆེན་སྐུ་ཞབས་རཱ་ཇེ་ཤི་ དྷར་མ་ནི་ (Shri Rajesh Dharmani, Minister of Town and Country Planning) མཆོག ཧི་མཱ་ཅལ་མངའ་གཞུང་གི་གྲོས་ཚོགས་ལས་དོན་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཨ་ཤཱི་ཤ་ བྷུ་ཊེལ་ (Shri Ashish Butail, Chief Parliamentary Secretary, Government of Himachal) མཆོག གཞན་ཡང་གཞུང་འཛིན་ཚོགས་པ་དང་། ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་བཅས་དང་ལྷན་རིམ་པས་མཇལ་འཕྲད་ཀྱིས་འཚམས་འདྲི་དང་སྦྲགས། རྒྱ་གར་གཞུང་མང་གཉིས་དང་། ལྷག་པར་དུ་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ནས་ད་བར་བོད་དོན་ཐོག་མཐུན་འགྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་འབྲེལ་བའི་དོན་ཚན་བཞི་ཅན་གྱི་བོད་དོན་ཞུ་ཡིག་ཕུལ་གནང་ཡོད།

ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་སུག་ཝིན་དྷར་ སིངྒ་ སུ་ཀུ་ (Shri Sukhvinder Singh Sukhu, Chief Minister of Himachal Pradesh) མཆོག་གི་དྲུང་ཡིག་བརྒྱུད་ཁོང་ལ་འཚམས་འདྲིའི་མཇལ་དར་དང་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་འབྲེལ་བའི་དོན་ཚན་བཞི་ཅན་གྱི་བོད་དོན་ཞུ་ཡིག་ཕུལ་ཡོད།

མཇལ་འཕྲད་སྐབས་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཚབ་ཚེ་བརྟན་སྐལ་བཟང་ལགས་མཉམ་བཅར་ཞུས་ཡོད་པ་རེད།

གཞི་རྩའི་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་ཊ་པུ་ཝན་དུ་ཧི་མཱ་ཅལ་མངའ་སྡེའི་དགུན་ཁའི་གྲོས་ཚོགས་ནམ་འཚོགས་སྐབས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམས་ལ་འཚམས་འདྲི་དང་འབྲེལ་བ་དམ་ཟབ་ཡོང་སླད་གསོལ་ཇ་དང་གསོལ་ཚིགས་འདེགས་འབུལ་གནང་སྲོལ་ཡོད་པ་བཅས།