
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༡༨ ཉིན་བཞུགས་སྒར་རྡ་རམ་ས་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཕྱོགས་རླངས་འཁོར་འབབ་ཚུགས་སུ་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་ ‘ཆིག་སྒྲིལ་གྱི་མེ་ལྕེ།’ ཞེས་པའི་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་དངོས་སུ་དབུ་འཛུགས་ཀྱི་མཛད་སྒོ་ཚོགས་གནང་སོང་།

‘ཆིག་སྒྲིལ་གྱི་མེ་ལྕེ།’ ཞེས་པའི་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་ཞུས་ཤིང་། དེ་ཡང་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་ཐང་དུ་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གིས་རང་ལུས་མེར་སྲེག་གནང་སྐབས་སུ་བསྒྲེང་འཛུགས་གནང་བའི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དེ་བཞིན་མཉམ་འཁྱེར་རམ་གདན་ཞུས་ཀྱིས་རྒྱ་གར་གཙོ་བོར་བྱས་པའི་རྒྱལ་སྤྱིའི་ཐོག་ ‘ཆིག་སྒྲིལ་གྱི་མེ་ལྕེ།’ ཞེས་པའི་བོད་དོན་དྲིལ་བསྒྲགས་སྐོར་བསྐྱོད་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་རེད་འདུག

སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་དཔལ་ལྡན་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་དང་། ལས་བྱེད་འདེམས་ལྷན་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག སྤྱི་འཐུས་མགོན་པོ་དོན་གྲུབ་མཆོག སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་མཆོག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ཀྱིས་གཙོས་པའི་དབུས་རྒྱུན་རྣམ་པ། གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་ས་གནས་མི་མང་བཅས་ཕེབས་ཡོད་འདུག

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་གི་ལས་འགུལ་འདིར་མཚོན་པ་ཡིན་ན། དེའི་འགོ་བརྗོད་རང་ལ་ཆིག་སྒྲིལ་གྱི་མེ་ལྕེ་ཞེས་གསུངས་ཡོད་རེད། འཐབ་རྩོད་ཀྱི་ལས་དོན་གང་འདྲ་ཞིག་ཡིན་པ་ཡིན་ནའང་ཆིག་སྒྲིལ་ནི་མེད་དུ་མི་རུང་བ་ཞིག་ཆགས་ཀྱི་ཡོད་རེད། དེ་ཡིན་དུས་འཐབ་རྩོད་བྱེད་པའི་སྐབས་སུ་སོ་སོའི་ལྟ་གྲུབ་ཀྱི་ཐོག་ནས་ལངས་ཕྱོགས་གང་འདྲ་ཞིག་ཡིན་པ་ཡིན་ནའང་། འདིར་ཚང་མས་དགོངས་བཞེས་གནང་སྟངས་དེ། བོད་མི་རིགས་ཀྱི་ཆེད་དུ་བྱེད་ཀྱི་ཡོད་བསམ་པའི་འདུ་ཤེས་དང་། བོད་མི་རིགས་ཀྱི་ཆེད་དུ་ལས་ཀྱི་ཡོད་བསམ་པའི་འདུ་ཤེས་དེ་མ་བརླག་པའི་ཐོག་ནས་ནང་ཁུལ་ལ་བཟོད་བསྲན་དང་། གུ་ཤང་། བོད་མི་གཅིག་ཡིན་པའི་འདུ་ཤེས་དེ་མ་དོར་བའི་ཐོག་ནས་ལས་ཀ་གང་དང་གང་ཡིན་པ་ཡིན་ནའང་གནང་དགོས་པ་དེ་དོན་གྱི་སྙིང་པོ་ཆགས་ཀྱི་ཡོད་རེད། དེ་ཡིན་དུས། དེ་རིང་ང་རང་ཚོས་ཆིག་སྒྲིལ་ཞེས་བྲིས་པ་ཙམ་གྱིས་ཆིག་སྒྲིལ་ཡོང་ཐབས་ཡོད་མ་རེད། གཙོ་བོ་ཆིག་སྒྲིལ་དེ། ང་རང་ཚོ་མི་རེ་ངོ་རེའི་སེམས་ནང་བཟོད་བསྲན་དང་འདུ་ཤེས་དེ་སླེབས་དགོས་ཀྱི་ཡོད་རེད། ང་ཚོ་བོད་མི་རྩམ་ཟན་གཅིག་པ་ཡིན་པ། སུས་གང་ལས་པ་ཡིན་ནའང་། བོད་མི་རིགས་ཀྱི་བདེན་མཐའ་གསལ་རྒྱུར་ལས་ཀྱི་ཡོད་པ་སོ་སོའི་སེམས་ནང་ཡོད་པ་ཡིན་ན། བཟོད་བསྲན་དང་། གུས་བརྩི་སླེབས་ཀྱི་རེད། བོད་མི་ཚང་མ་ནུས་པ་གཅིག་ཏུ་སྤུང་རྒྱུར་ཤུགས་ཤིག་ཐེབས་ཀྱི་རེད་བསམ་པ་དེ་འདྲ་ཞིག་དྲན་གྱི་འདུག དེ་ཡིན་དུས་ཆིག་སྒྲིལ་གྱི་མེ་ལྕེའི་སྐོར་བསྐྱོད་ཀྱི་ཡོང་ཁུངས་དེ། ཨ་རིའི་རྒྱལ་ཁབ་ནང་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་བོད་མི་རིགས་ཀྱི་ཆས་གོས་གྱོན། བོད་མི་རིགས་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས། དེ་འདྲའི་ཐོག་ནས་ནིའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེར་བསྲེགས་བཏང་བར་བརྟེན་ནས་དེ་རིང་གི་ལས་འགུལ་དེ་ལྟར་བྱུང་བ་རེད་ཅེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཐོག་ནས་གསུངས་སོང་།
དེ་ཡིན་དུས་ཁོང་གིས་བོད་ཀྱི་རྒྱལ་དར་དེ་བསྣམས་ཏེ་འཚེ་བ་མེད་པའི་ཐོག་ནས་བློས་གཏོང་ཆེ་ཤོས་གནང་བ་དང་། རྩ་བའི་རྒྱལ་དར་དེ་བཞིན་བོད་མི་རིགས་དང་རྒྱལ་ཁབ་གཅིག་གི་མཚོན་རྟགས་ཙམ་ཞིག་མ་ཡིན་པར། དེ་ལས་ལྷག་པ་ཞིག་སྟེ། རྒྱལ་དར་དེས་བོད་ཀྱི་འབྱུང་རབས་མཚོན་གྱི་ཡོད་རེད། བོད་ཀྱི་འགྲོ་བ་མིའི་འབྱུང་རབས་ལས་མིའུ་གདུང་དྲུག་མཚོན་གྱི་ཡོད་ཅིང་། མིའུ་གདུང་དྲུག་མཚོན་པ་དེས་ཀྲུང་ཧྭ་མི་རིགས་དང་། བོད་མི་རིགས་གཉིས་ཐ་དད་ཡིན་པ་མཚོན་གྱི་ཡོད་རེད། ད་ལྟ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མི་རིགས་དེ་ཀྲུང་ཧྭ་མི་རིགས་ལ་བསྒྱུར་རྒྱུའི་ངན་སེམས་བཅངས་ནས་ཁ་ལ་གཅིག་སྒྲིལ་དང་ཡར་རྒྱས་ཀྱི་རྣམ་པ་འཁྱེར་ཏེ། དོན་ལ་བོད་མི་རིགས་རྩ་མེད་བཟོ་རྒྱུའི་ངན་བྱུས་བྱེད་བཞིན་པ་དེ་ནམ་ཡང་ལམ་ལྷོངས་ཡོང་གི་མེད་པ་རྒྱལ་དར་དེའི་མཚོན་དོན་ཐོག་ནས་མཐོང་གི་ཡོད་རེད། དེར་མཚོན་ཁྲ་སྣ་མིན་སྣ་ཚོགས་བྲིས་པ་ཞིག་མིན་པར། བོད་མི་རིགས་ཀྱི་མིའུ་གདུང་དྲུག་ནས་བོད་མི་རིགས་ཇི་ལྟར་བྱུང་བ་མཚོན་གྱི་ཡོད་པའི་སྐོར་ངོ་སྤྲོད་བྱེད་ཀྱི་ཡོད་པ་དང་། བོད་མི་རིགས་ཀྱི་རིག་གཞུང་ཡང་མཚོན་གྱི་ཡོད་རེད། བོད་མི་རིགས་ཀྱི་རིག་གཞུང་དེ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ནས་མར་དར་བ་ཞིག་ཡིན་པ་མཚོན་གྱི་ཡོད་རེད། བོད་ཀྱི་རིག་གཞུང་དང་ངོ་བོ་དེ་དག་ཀྲུང་ཧྭ་མི་རིགས་དང་ཐ་དད་ཡིན་པ། རྒྱ་ནག་མི་མང་གིས་བོད་མི་རིགས་རྩ་མེད་བཟོ་རྒྱུའི་ངན་བྱུས་ཡོད་པ་དེ་སྒྲུབ་ཐུབ་ཀྱི་མེད་པ་དེ་ནས་མཚོན་གྱི་ཡོད་སྟབས། བོད་ནང་བོད་ཀྱི་རྒྱལ་དར་བཀག་ནས་རྒྱལ་དར་འཁྱེར་བ་ཙམ་གྱིས་བཙོན་ཁང་ནང་ཚུད་རྒྱུའི་གནས་སྟངས་ཤིག་ཆགས་ཡོད་རེད། དེ་ཡིན་དུས་ང་རང་ཚོ་རང་དབང་བྲལ་ནས་མི་ཡུལ་ལ་སྡོད་མཁན་ཞིག་ཡིན་དུས། རྒྱལ་དར་དེ་འཁྱེར་ཡོང་དུས་ང་བོད་པ་ཞིག་ཡིན་བསམ་པ་དང་། ངའི་ཕ་ཡུལ་དེ་བོད་ཡིན་བསམ་པའི་འདུ་ཤེས་དང་དྲན་པ་དེ་སེམས་ནང་རང་བཞིན་གྱིས་དྲན་ཡོང་གི་ཡོད་རེད། དེ་ཡིན་དུས་ཁོང་གི་བློས་གཏོང་གནང་བའི་སྐབས་སུ། ཐུགས་བསམ་ཟབ་མོ་བཞེས་ནས་བློས་བཏང་བྱས་པའི་རྗེས་སུ་ཞལ་ཆེམས་གང་བཞག་པ་རྣམས་ཡང་ཡང་དྲངས་མ་དགོས་པར། ལས་དོན་ལས་དགོས་ཀྱི་ཡོད་རེད། མཐའ་ན་སོ་སོའི་ཁ་ནས་སྐད་ཆ་གཅིག་བཤད་པ་ཡིན་ནའང་། འདིས་ཆིག་སྒྲིལ་ལ་ཕན་གྱི་འདུག་གམ་ཡང་ན་གནོད་ཀྱི་ཡོད་མིན་ཐོག་བསམ་བློ་གཏོང་དགོས་ཀྱི་ཡོད་རེད། གནོད་ཀྱི་འདུག་ན་བཀག་དགོས་ཀྱི་ཡོད་པ་དང་ཕན་གྱི་འདུག་ན་བཤད་དགོས་ཀྱི་ཡོད་རེད། དེ་ལྟར་ཆིག་སྒྲིལ་ཡོང་གི་རེད་མ་གཏོགས་ཁ་ནས་ཆིག་སྒྲིལ་ཞེས་ལབ་པ་ཙམ་ཞིག་ལས། ཤོད་རྒྱུ་དེ་བསམ་བློ་རྩ་བ་ནས་མ་བཏང་ནས་བཤད་པ་ཡིན་ན་ཆིག་སྒྲིལ་ལ་དོ་ཕོག་ཏན་ཏན་འགྲོ་ཡི་ཡོད་རེད། དེའི་ཐོག་ངེས་པར་དུ་ང་ཚོ་ཚང་མས་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན་ཞེས་གསུངས།

གཞན་ཡང་དཔལ་ལྡན་ཚོགས་གཙོ་མཆོག་གིས། རྒྱ་ནག་དམར་གཞུང་གིས་བོད་མི་རིགས་རྩ་མེད་བཟོ་རྒྱུར་དམིགས་ཏེ། བོད་ནང་ལག་བསྟར་བྱེད་བཞིན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ཡིག་སྐོར་དང་། བོད་ནི་མཐོ་སྒང་དང་། ཆུ་བོ་ཆེ་ཁག་གི་འབྱུང་ཁུངས་ཡིན་པའི་ཆ་ནས་འཛམ་གླིང་སྤྱིའི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་ཐོག་གལ་གནད་ཇི་ཙམ་ཆགས་ཀྱི་ཡོད་པ། རྒྱ་ནག་དམར་གཞུང་གིས་བོད་ས་ཁྲིམས་འགལ་དབང་བསྒྱུར་བྱས་པའི་རྗེས་ལ། འཛུགས་བསྐྲུན་ཡར་རྒྱས་ལ་ཁ་གཡར་ཏེ་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་བཏང་བ་དེས་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་ལ་གནོད་འཚེ་ཕོག་གི་ཡོད་སྐོར་སོགས་ཀྱི་ཐོག་གསུངས་གནང་ཡོད་པ་བཅས།



